ཞི་ཝང་སྡེ་བས་ཞིང་ཕྱུགས་ཚན་རྩལ་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་སྲུང་བྱས།

e09f9ffc-2af7-45b9-ae8e-829bc6e6172a.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དཀར་བརྗིད་ཞིང་ཞི་ཝང་སྡེ་བ་འོད་སྨུག་ཞིང་ཕྱུགས་ཚན་རྩལ་ཆེད་ལས་མཉམ་ལས་ཁང་དུ་སོང་བ་དང་། མིག་ལམ་དུ་གསར་དུ་ལས་པའི་ཕྱུགས་ར་མང་པོ་ཞིག་མཐོང་བ་དང་འབྲི་གཡག་མང་པོ་གནས་འདི་རུ་གསོ་སྐྱོང་བྱེད་ཀྱིན་ཡོད་པ་མཐོང་། མཉམ་ལས་ཁང་གི་འགན་ཁུར་བ་ཀྲང་ཧྲིན་ཅུན་གྱིས་གསར་འགོད་པར་བཤད་རྒྱུར།  ཟི་ལིང་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་གྱི་འགྲིམ་འགྲུལ་ལེགས་ཆར་བརྟེན་ནས། 2012ལོའི་ཟླ3པར་ཞིང་ཕྱུགས་ལས་གསོ་སྤེལ་དང་འདེབས་འཛུགས་ཐོན་སྐྱེད། ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་སོགས་གཞི་གཅིག་ཏུ་བསྡུས་པའི་ཆེད་ལས་མཉམ་ལས་ཁང་འདི་བཙུགས་པ་དང་། ན་ནིང་ལོ་མཇུག་བར། བསྡོམས་པས་ཁྱིམ་ཚང97མཉམ་ལས་ཁང་དུ་ཞུགས་པ་དང་། དེའི་ནང་དབུལ་ཕོངས་ཁྱིམ་ཚང51ཡོད། 

དེང་སྐབས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་དུས་མཉམ་དུ་སྒྲུབ་པའི་དུས་སྐབས་ཞིག་ལ་ཐོན་ཡོད་པ་དང་། མཉམ་ལས་ཁང་གིས་ཕྱོགས་གཅིག་ནས་མ་རྐང་བཞག་ནས་ཁེ་སྤོགས་བགོ་བ། ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ་སོགས་རྣམ་པ་བརྒྱུད་ནས་ཞིང་ཁྱིམ་ཚང་མར་སྣེ་ཁྲིད་ནས་འབྱོར་ཕྱུག་ལམ་དུ་བསྐྱོད་པ་དང་སྔར་ལས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་སྲུང་བྱས་ཤིང་། ཕྱོགས་གཅིག་ནས་མཉམ་ལས་ཁང་གིས་ད་དུང་རང་སྟེང་གི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཞིང་བ་རྣམས་ལ་གསོ་སྤེལ་ལག་རྩལ་དང་ཚོང་གཉེར་དོ་དམ། ཚོང་རའི་ཕྱི་ཚོང་སོགས་གསོ་སྦྱོང་བྱ་འགུལ་སྤེལ་བ་དང་། བྱེད་ཐབས་འདི་དག་སྤེལ་བ་བརྒྱུད་ཞིང་བ་མང་ཚོགས་རྣམས་ཀྱིས་ཐོན་ལས་དར་སྤེལ་བྱེད་པར་རྨང་གཞི་བརྟན་པོ་བཙུགས་པ་མ་ཟད། ཐོན་ལས་དར་སྤེལ་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་ཆེན་པོ་བྱས།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།