མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁྲི63བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རིམས་འགོག་སྨན་ཁབ་ནི་མི་དམངས་མང་ཚོགས་ཀྱིས་རིམས་འགོག་སྲུང་ཡོལ་སྐྲུན་པའི་བྱེད་ཐབས་ནུས་ལྡན་ཡིན་པས། པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་མགོ་བརྩམས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོའི་ས་ཁོངས་བཀར་བ་དང་རིམ་པ་དབྱེ་ནས་ལག་བསྟར། གོ་རིམ་ལྡན་པར་སྐུལ་འདེད་བཅས་ཀྱི་རྩ་དོན་ལྟར། ཚན་རིག་དང་མཐུན་པར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ། མིག་སྔའི་བར་དུ་ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁྲི63བརྒྱབ།

2020ལོའི་ཟླ12པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་གཙོ་གནད་ལས་ཁུངས་དང་གཙོ་གནད་ལས་རིགས་ཀྱི་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་བ་དང་། མིག་སྔར། ལོ18ཡན་གྱི་མི་ཚོགས་ལ་རིམ་བཞིན་རྒྱ་བསྐྱེད་དེ་སྨན་ཁབ་རྒྱག་བཞིན་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་མི་ཚོགས་ཁྲོད་ཕན་འབྲས་ལྡན་པའི་རིམས་འགོག་སྲུང་ཡོལ་བཙུགས་ཏེ། མི་ཚོགས་ལ་འགོས་པ་དང་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་སྲུང་བྱ་ཆེད་ཡིན།

རྒྱལ་ཁབ་མཉམ་འགོག་མཉམ་བཅོས་ནང་རྐྱེན་གྱི་བླང་བྱ་ལྟར། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གནད་ཁེལ་མཛུབ་སྟོན་དང་། སྐུལ་སློང་རྩ་འཛུགས། ལུགས་མཐུན་བཀོད་སྒྲིག ཚན་རིག་བཀོད་གཏོང་བཅས་བྱས་ཏེ། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས། ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་འགོག་སྨན་ཁབ་རྒྱག་པའི་ས་ཚིགས340ཡི་རྩ་འཛུགས་དང་སྨན་ཁབ་རྒྱག་པ། སྨན་བཅོས་མྱུར་སྐྱོབ་བཅས་ཀྱི་མི་སྣར་སྐོར་ཐེངས4ཡི་ཆེད་ལས་གསོ་སྦྱོང་སྤེལ་བ་དང་། ནང་དོན་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ས་ཚིགས་ཀྱི་ཇུས་འགོད་དང་། འགོག་སྨན་རྒྱག་པའི་ལག་རྩལ། མྱུར་སྐྱོབ་ལག་རྩལ་སོགས་འདུས་ཡོད་ཅིང་། བསྡོམས་པས་མི་ཐེངས་སྟོང་ལྔ་ལྷག་ལ་གསོ་སྦྱོང་བྱས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ལྟ་སྐུལ་ཚན་ཆུང་བཙུགས་ནས། ས་ཚིགས་བར་དང་འབྲེལ་མཐུད་གང་ལེགས་བྱེད་པ་དང་ས་ཁུལ་དབྱེ་ནས་འགན་གཙང་ལེན་བྱས་པ་བརྒྱུད། ས་ཚིགས་སོ་སོའི་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བར་མཛུབ་སྟོན་གནང་། གྲོང་ཁྱེར་དང་ཁུལ་སོ་སོའི་འགན་འཁུར་མི་སྣས་སྤྱི་ཡོངས་ལ་དམིགས་ཏེ། ཉམས་མྱོང་སྤྱི་བསྡོམས་དང་དུས་ཐོག་ཏུ་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རིམས་འགོག་སྨན་ཁབ་ཀྱི་མཛོད་ཉར་དང་འཁོར་རྒྱུག་སོགས་གོ་རིམ་གྱི་བདེ་འཇགས་ལ་ཤུགས་བསྣན་ནས། སྨན་ཁབ་མཁོ་འདོན་འགུལ་རྣམ་ལེགས་སྒྲིག་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཐབས་ལམ་མང་པོ་དང་ཟུར་མང་པོ་ནས་དྲིལ་སྒྲོག་དང་མཛུབ་ཁྲིད་བྱས་ཏེ། སྨན་ཁབ་རྒྱག་པའི་ས་ཚིགས་སོ་སོའི་སྨན་བཅོས་མྱུར་སྐྱོབ་ལ་ཁག་ཐེག་བྱས་ཤིང་། ནུས་ཤུགས་ཡོད་རྒུས་གཞི་ཁྱོན་ཆེ་བའི་བདེ་འཇགས་འགོག་སྨན་རྒྱག་པའི་ལས་དོན་བདེ་བླག་ངང་སྤེལ་བར་འགན་སྲུང་གང་ལེགས་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།