དངོས་བཤུས་གློག་བརྙན《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》གི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས12ཉིན། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་དྲིལ་སྒྲོག་སི་དང་ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི“དངོས་བཤུས་གློག་བརྙན”《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》གི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས། གསར་སྐྲུན་ཚོགས་པས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་ཁྲུན་ཞང་སོགས་ལས་རིགས་ཀྱི་ཆེད་མཁས་པ་དང་། རིག་རྩལ་དཔྱད་བརྗོད་པ་མང་པོས་མཉམ་དུ་དངོས་བཤུས་གློག་བརྙན་ལ་བགྲོ་གླེང་ཟབ་མོ་བྱས་པ་མ་ཟད། ཟུར་སྣེ་མི་འདྲ་བ་ནས་བསམ་འཆར་བཏོན། 

《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》ནི་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་མཛུབ་སྟོན་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཡིས་སྣེ་ཁྲིད་སྒོས་རྩ་འཛུགས་ལག་བསྟར་འོག  ཧྲང་ཧའེ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཉམ་དུ་སྒྲིག་བཟོ་བྱས་པའི་སྐྱེ་ཁམས་དཔལ་ཡོན་དངོས་བཤུས་གློག་བརྙན་ཆེ་གྲས་ཡིན་ཞིང་། ཕྱོགས་མཚམས་ཡོངས་ནས་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་གཏོང་བའི་ལག་ལེན་མངོན་པར་མཚོན་ཡོད། ཟླ3པའི་ཚེས12ཉིན་བཏང་བ་ནས་ད་ལྟའི་བར་དུ། ཀྲུང་དབྱང་བརྙན་འཕྲིན་ཁང་དངོས་བཤུས་གློག་བརྙན་འཕྲིན་ལམ་དང་། ཧྲང་ཧའེ་བརྙན་འཕྲིན་ཁང་། ཀྲེ་ཅང་བརྙན་འཕྲིན་ཁང་། ཧུའུ་ནན་བརྙན་འཕྲིན་ཁང་། པེ་ཅིན་བརྙན་འཕྲིན་ཁང་སོོགས་འཕྲིན་ལམ19དང་། ས་ངོས་འཕྲིན་ལམ10། དེ་མིན་མང་ཀའོTVདང་། ཐིན་ཞུན། ཨེ་ཆི་དབྱེ། ཡུག་ཁུའུ། ཞིན་ཧྭ་གསར་འགྱུར་ཁང་སྤྱོད་སྣེ་སོགས་སྨྱན་བྱད་གསར་བའི་སྟེགས་བུ100ལ་ཉེ་བས་བཏང་བ་དང་། གྲུབ་འབྲས་ལེགས་པོ་བླངས་ཡོད་པ་མ་ཟད། ཕྱོགས་མང་པོའི་དཔྱད་འཇོག་ལེགས་པོ་ཐོབ་ཡོད།

ཚོགས་ཞུགས་ཆེད་མཁས་པས《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》གིས་སྙན་ངག་གི་རང་བཞིན་གྱི་འགྲེལ་བརྗོད་དང་། བརྙན་རིས། སྙན་འཇེབས་ཀྱི་རོལ་མོ། མཛེས་སྡུག་གི་རང་བྱུང་མཛེས་ལྗོངས་སོགས་ཀྱིས་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཛེས་ལྗོངས་ཡག་པོ་ཞིག་བྲིས་ཡོད་ཟེར། ཁོ་ཚོས་བསྟན་དོན། དངོས་བཤུས་གློག་བརྙན་ལས་རིགས་དང་བརྙན་འཕྲིན་ཁང་མང་པོས་དུས་མཉམ་དུ་བཏང་བ་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་དངོས་བཤུས་གློག་བརྙན་འཕྲིན་ལམ་གྱི་བསྐྱར་གཏོང་བྱས་པ་ཧ་ཅང་དཀོན་ལ། དངོས་བཤུས་གློག་བརྙན་གཏོང་བའི་སྐབས་ཀྱི་དགེ་མཚན་དང་སྟོབས་ཤུགས་གཡར་ནས། སྐབས་དོན་ཚ་ཤོས་ཀྱི་རྗེས་སྙེག་ཏེ་མི་ཚུལ་བརྩེ་བ་བརྒྱུད་སྒྲོག་བྱས་ཡོད་ཟེར། 

བགྲོ་གླེང་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགན་ཁུར་བས་དངོས་བཤུས་གློག་བརྙན་གྱི་གསར་རྩོམ་དང་བསྒྲགས་གཏོང་གི་གནས་ཚུལ་མཚམས་སྦྱོར་ཞིབ་མོ་བྱས་ཤིང་། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་དྲིལ་སྒྲོག་སི་ཡི་འགན་ཁུར་བ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།