རྨ་ཆུའི་འབྱུང་ཡུལ་སྟོང་གི་མཚོ་ནག་ས་ཁོངས་སུ་གསའ་དར་མ21ངོས་འཛིན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་འབྱུང་ཡུལ་གྱི་སྟོང་གི་མཚོ་ནག་ས་ཁོངས་སུ་གསའི་རང་ཚུགས་ལྟ་ཞིབ་ཚད་ལེན་ཐེངས119བྱས་པའི་ཁྲོད་གསའ་དར་མ21ངོས་འཛིན་ཐུབ་པ་དང་། དེ་ཁྲོད་དུ་གསའ་ཕྲུག་ཁྲིས་པའི་མོ་གསའ་གཉིས་ཡོད་ལ་སོ་སོས་གསའ་ཕྲུག་གཉིས་རེ་ཁྲིད་ཡོད།  

རྨ་ཆུའི་འབྱུང་ཡུལ་ཁུལ་གྱི་སྟོང་གི་མཚོ་ནག་ནི་སྐྱེ་དངོས་སྣ་མང་རང་བཞིན་ཅུང་གཅིག་བསྡུས་ཀྱི་ས་ཁོངས་ཡིན་ལ། གཟན་ཕྲེང་གི་རྩེ་རུ་གནས་པའི་གསའ་ཁྱབ་རྒྱ་ཆེ་བའི་ས་ཁུལ་ཞིག་ཀྱང་ཡིན། 2017ལོ་ནས་བཟུང་། ཀོང་ཆི་འགྲུལ་འཁོར་ཚོགས་པས་མ་དངུལ་བཏང་ཞིང་། འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་དང་ཡོན་ཧྲང་ཚའོ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་ལག་རྩལ་མཉམ་ལས་བྱས་ནས་སྟོང་གི་མཚོ་ནག་ས་ཁོངས་སུ་སྤྱི་ལེ་གྲུ་བཞི་མ3338ཀྱི་སར་དམར་ཕྱིའི་པར་ཆས་ཀྱིས་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་ལས་དོན་སྤེལ། 

ལྟ་ཞིབ་ཚད་ལེན་གྱི་འབྲས་བུས་སྟོང་གི་མཚོ་ནག་ས་ཁོངས་ཀྱི་གསའི་གྲངས་འབོར་ལོ་རྒྱུས་ཟིན་བཀོད་ལས་མངོན་གསལ་དོད་པོས་མང་དུ་ཕྱིན། དེས་ས་ཁོངས་ཀྱི་གསའ་འཚོ་སྡོད་བྱ་ཡུལ་ལ་ཆ་ཚང་བོར་སྲུང་སྐྱོང་ཐུབ་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གྱུར་ཞིང་སྐྱེ་དངོས་སྣ་མང་རང་བཞིན་ཡང་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མཚོན་ཡོད། མིག་སྔའི་བར། དམར་ཕྱིའི་པར་ཆས20ཡོད་པ་དེས་རི་སྐྱེས་གཅན་གཟན་རིགས22དང་རི་སྐྱེས་འདབ་ཆགས་རིགས25ལ་པར་ལེན་ཐུབ་པ་དང་། SECRདཔེ་དབྱིབས་ལས་མངོན་པ་ལྟར་ན། ས་ཁོངས་དེའི་གསའ་ཁྱབ་ཚད་ཚོད་དཔག་བྱས་ན་སྤྱི་ལེ་གྲུ་བཞི་མ་རེར0.56(+0.14)ཙམ་ཡིན་ལ། གསའ་ཡི་རིགས་ཁྱུའི་གྲངས་འབོར་ཚོད་དཔག་བྱས་ན29.96(±4.84)ལྷག་ཡིན། 

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་འབྱུང་ཡུལ་ས་ཁོངས་ཀྱི་གསའ་ཡི་གྲངས་འབོར་དང་ཁྱབ་རྒྱ་ཅུང་ཆེ། དེ་སྔོན། རྨ་ཆུའི་འབྱུང་ཡུལ་གྱི་ཨ་མྱེས་རྨ་ཆེན་དུའང་གསའ་ཡོད་པའི་རྗེས་ཤུལ་ལྟ་ཞིབ་ཚད་ལེན་ཐུབ་ཡོད། ཡོན་ཧྲང་ཚའོ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཨ་མྱེས་རྨ་ཆེན་དུ་གསའ་ལ་བརྟག་དཔྱད་བྱེད་རིང་། གསའ་ཡི་བརྙན་པར་ལྔ་བརྒྱ་ལྷག་ཟིན་ཐོར་བཀོད་པ་དང་། བརྙན་པར་དཔྱད་ཡིག་མང་པོ་འཚོལ་བསྡུ་བྱས། དེའི་ཁྲོད་སྔ་རྗེས་སུ་ཉིན4དང་མཚན4རུ་རྒྱུན་བསྐྱངས་ཏེ་རིམ་རྩིས་བྱས་ན་ཆུ་ཚོད95ཟིན་པའི་གསའ་ལ་ལྟོ་ཟ་བའི་བྱེད་སྒོའི་བརྙན་པར་དཔྱད་གཞི་ཡོད་པས་རྨ་ཆུའི་འབྱུང་ཡུལ་དུ་གསའ་ལ་བརྟག་དཔྱད་བྱེད་པའི་སྟོང་ཆ་བསྐངས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།