སྐབས་གཉིས་པའི་འཇོན་མིའི་རྣམ་གྲངས་ཀྱི་གྲོས་མོལ་ཚོགས་འདུ་འཚོགས་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས9ཉིན། སྐབས་གཉིས་པའི“བློ་གྲོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་འདུས་ནས་མཚོ་སྔོན་གསར་བར་རོགས་འདེགས་བྱེད་པ”ཞེས་པའི་འཇོན་མིའི་རྣམ་གྲངས་གྲོས་མོལ་ཚོགས་འདུའི་བཀོད་སྒྲིག་ཚོགས་འདུ་བརྙན་རིས་ཀྱི་རྣམ་པས་བསྡུས།

ཚོགས་འདུས་ནན་གྱིས་བསྟན་དོན། གསར་གཏོད་དང་དངོས་ཐོག་ཕན་འཚོལ་བྱེད་པ་དེ་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་བྱ་བའི་གོ་རིམ་ཧྲིལ་བོར་སྦྲེལ་ནས། འཇོན་ནུས་དང་རིག་ནུས་འདྲེན་པ་གཙོ་གནད་དུ་བྱེད་པ་དང་། གཙོ་གནད་ལས་རིགས་དང་གཙོ་གནད་ཐོན་ལས། གཙོ་གནད་ཁྱབ་ཁོངས་བཅས་ལ་དམིགས་ཏེ། གསར་གཏོད་ཕྲེང་འབྲེལ་དང་། ཐོན་ལས་ཕྲེང་འབྲེལ་དང་། འཇོན་མིའི་ཕྲེང་འབྲེལ། སྲིད་ཇུས་ཕྲེང་འབྲེལ། མ་དངུལ་ཕྲེང་འབྲེལ་བཅས་ཀྱི་མཉམ་འདྲེས་ཀྱི་འཁོར་རྒྱུགས་འཕེལ་རྒྱས་སྦྲེལ་ཐག་འཛུགས་སྐྲུན་བྱེད་དགོས། འཇོན་མི་ནང་འདྲེན་དང་བློ་གྲོས་ནང་འདྲེན་གྱི་རྣམ་པས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཁ་གཏད་རོགས་སྐྱོར་དང་དབུས་ནུབ་རྒྱུད་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་དགེ་མཚན་འདོན་སྤེལ་བྱས་པ་བརྒྱུད། ལས་གཞིའི་འཇོན་མི་ནང་འདྲེན་དང་། གཅིག་ལྕོགས་ཀྱིས་འཇོན་མི་ནང་འདྲེན་བྱེད་པ། ལས་འཁྱུར་ངལ་གསོ་ཆེད་དམིགས་གདན་ཞུ་སོགས་ཀྱི་རྣམ་པས། འཇོན་མིའི་ལས་གཞི་མང་པོས་མཚོ་སྔོན་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་ནང་འགུག་བྱེད་དགོས་ཞེས་བསྟན།

ཚོགས་འདུས་ས་གནས་དང་ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འགན་འཁྲི་ལ་ཤུགས་བསྣན་ནས། བྱ་བའི་ལས་སྒྲུབ་ཚོགས་པ་བཙུགས་ཏེ། བྱ་བ་སྔ་མོ་ནས་དོན་འཁྱོལ་དང་ཕན་འབྲས་ཡོང་བར་བྱེད་པ་དང་། འཇོན་མིའི་ལས་གཞིའི་དགོས་མཁོ་བསྡུ་སྒྲིག་དང་། འཇོན་མིའི་ལས་གཞི་གནད་འཁེལ་མཐུད་སྦྲེལ་བྱས་ནས། ཚོགས་ར་བཀོད་སྒྲིག་ལེགས་པོ་བྱེད་པ་དང་། མཚོ་སྔོན་གྱི་འཇོན་མིའི་བྱ་བའི་ཁྱད་ཆོས་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།