​“རྟ་ཐོག་དྲིལ་སྒྲོག”ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་རྩྭ་ཐང་ཀུན་ཏུ་ཁྱབ་པ།

ff031fd7-0108-403e-9ec6-92fb39d4f545.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པ་ནས་བཟུང་། ཕྱུགས་ལས་ས་ཁུལ་གྱི་མང་ཚོགས་སྡོད་གནས་ཁ་ཐོར་ཡིན་པ་དང་སློབ་གསོའི་དོ་དམ་ཞབས་ཞུ་མེད་པ། ཏང་ཡོན་བཞུར་འགྲོ་རང་བཞིན་ཆེ་བ་སོགས་གནད་དོན་ལ་དམིགས་ཏེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་དཀར་ཤང་གིས་གཞི་རིམ་གྱི་ཕྱུགས་ལས་ས་ཁུལ་དུ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་དགོས་པའི་དོན་དངོས་གཞིར་བཟུང་ནས“རྟ་ཐོག་དྲིལ་སྒྲོག་ཚོགས་པ”ཞིག་གསར་འཛུགས་བྱས་པ་དང་། ཏང་གི་ལོ་རྒྱུས་ཤེས་བྱ་སྐྱེལ་བའི་བགྲོད་ལམ་ཇེ་ཡངས་སུ་བཏང་བ་དང་འབྲོག་ལས་ས་ཁུལ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་བར་མཐུན་རྐྱེན་སྐྲུན། 

ཆུ་དམར་ལེབ་རྫོང་ནི་ཕྱུགས་ལས་རྐྱང་རྐྱང་ཡིན་པའི་རྫོང་མཁར་ཞིག་ཡིན་པ་དང་། ས་རྒྱ་ཆེ་ལ་མི་ཉུང་ཞིང་། འབྲོག་པ་མང་ཚོགས་རྣམས་ཁ་ཐོར་དུ་གནས་ཡོད་པས། “རྟ་ཐོག་དྲིལ་སྒྲོག་ཚོགས་པ”ནི་འབྲོག་པ་མང་ཚོགས་རྣམས་ཀྱི་ཏང་གི་མགྲིན་བཟང་ཐོས་པའི་ཁུ་བྱུག་ལྟ་བུ་ཡིན། གཡུ་དཀར་ཤང་ཏང་ཨུས་འབྲོག་པ་འཚོ་སྡོད་ས་ཁུལ་རེ་ནས“རྟ་ཐོག་དྲིལ་སྒྲོག་ཚོགས་ཆུང”བཙུགས་ནས། ཤང་ཡོངས་ཀྱི་འབྲོག་པ་མང་ཚོགས་དང་ཏང་ཡོན་ལ་སློབ་སྦྱོང་རྒྱུ་ཆ་སྐྱེལ་བ་དང་། འབྲོག་ཁུལ་གྱི་ཏང་ཡོན་མང་ཚོགས་ཀྱི་ཡུལ་དངོས་ནས་སློབ་སྦྱོང་བྱེད་པ་དང་གཏིང་ཟབ་ངང་ཏང་གི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པར་སློབ་ཁྲིད་ཀྱི་ཐོན་ཁུངས་འགན་སྲུང་འདོན་སྤྲོད་བྱས། 

རྟ་ཐོག་དྲིལ་སྒྲོག་ཚོགས་པའི་ཚོགས་གཙོ་གཡུ་དཀར་ཤང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡོན་ཏན་ལྷུན་པོས་བཤད་རྒྱུར། ང་ཚོས་ཏང་གི་ལོ་རྒྱུས་དྲིལ་སྒྲོག་བྱེད་པའི་དུས་མཚུངས་སུ་འབྲོག་པ་མང་ཚོགས་ཀྱི་བཤད་འདོད་པ་དང་སྒྲུབ་འདོད་པ། ཅི་ཞིག་ལ་རེ་སྒུག་བྱེད་པ་སོགས་རྒྱུས་ལོན་བྱེད་བཞིན་ཡོད་ལ། འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་དྲིལ་སྒྲོག་བྱེད་བཞིན་པའི་གོ་སྐབས་དང་སྦྲེལ་ནས། འབྲོག་པ་མང་ཚོགས་ཀྱི་རེ་འདོད་ཟིན་ཐོ་བཀོད་ནས་ཏང་ཨུ་དང་སྲིད་གཞུང་ལ་ཡར་ཞུ་བྱས་ཡོད་པས། རྟ་ཐོག་དྲིལ་སྒྲོག་ཚོགས་པ་ནི་འབྲོག་པ་མང་ཚོགས་དང་སྲིད་གཞུང་བར་འབྲེལ་གཏུགས་བྱེད་པའི་གསེར་ཟམ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཟེར།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།