མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་གྲ་སྒྲིག་བྱ་བ་བདེ་བླག་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་གསལ་ལྟར་ན། ད་ལོའི་དཔྱིད་འདེབས་ཐོན་སྐྱེད་ན་ནིང་ལས་གཟའ་འཁོར་གཅིག་ཡས་མས་ཀྱིས་སྔ་བ་དང་། ཟླ4པའི་ཚེས5བར་དུ། ཆུ་མ་ས་ཁུལ་དུ་ཞིང་བཏབ་ནས་ཚར་ལ་ཉེ་བ་དང་། རི་མ་ས་ཁུལ་དུ་ཕྱོགས་ཡོངས་ནས་འདེབས་མགོ་བརྩམས། ཞིང་ཆེན་ཡོངས་སུ་དཔྱིད་འདེབས་ཐོན་སྐྱེད་གྲ་སྒྲིག་བྱ་བ་བདེ་བླག་ཡིན། 

ཉེ་དུས་སུ། རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་དཔྱིད་དུས་ཞིང་ལས་ཐོན་སྐྱེད་བརྙན་ལམ་ཚོགས་འདུའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དངོས་འབེབས་ནན་ཏན་བྱས་ཏེ། སྔོན་ལ་ཆེད་སྤྱོད་མ་དངུལ་དངོས་འབེབས་བྱེད་པའི《མཚོ་སྔོན་ཞིང་ཆེན་གྱི2021ལོའི་འབྲུ་རིགས་བརྟན་ལྷིང་གིས་ཐོན་སྐྱེད་དང་འབབ་འཕར་ཡོང་བར་སྐུལ་འདེད་བྱེད་པའི་དངོས་འབེབས་ཇུས་གཞི》འོག་རིམ་ལ་བསྒྲགས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་བྱ་བའི་ཚན་ཆུང་ལྔ་རྩ་འཛུགས་བྱས་ཤིང་། ས་གནས་སོ་སོར་བསྐྱོད་དེ“འཛིན་པ་དྲུག”གི་ཉིན་བརྒྱའི་འགག་སྒྲོལ་མཛུབ་སྟོན་ཞབས་ཞུ་བྱེད་སྒོ་སྤེལ། གཞི་རིམ་གྱི་ཡུལ་དངོས་དང་པོར་ཕྱིན་ཏེ་ཞིང་ཕན་སྲིད་ཇུས་སྒྲོག་འགྲེལ་དང་། ལག་རྩལ་མཛུབ་སྟོན་ཞབས་ཞུ། ཞིང་ལས་འཕྲུལ་ཆས་ཞིབ་བཤེར་ཞིག་གསོ་སོགས་ཀྱི་བྱ་འགུལ་སྤེལ། འབད་པ་ཆེན་པོས་ལུད་རྫས་དང་། ཞིང་སྨན། ཞིང་སྤྱོད་ཆུ་ཤོག ས་བོན་སོགས་དཔྱིད་འདེབས་དངོས་པོ་ཉར་སྐྱེལ་བྱེད་པ། ལུད་རྫས་ཞིང་སྨན་ཉུང་གཏོང་འབབ་འཕར་ཡོང་བའི་འགུལ་སྐྱོད་དངོས་འབེབས་བྱེད་པ། སོག་ཤུལ་བརྗེ་འདེབས་དང་ཞིང་སྤྱོད་ཆུ་ཤོག་ཁྱོན་ཡོངས་ལ་ཁེབས་པར་བྱེད་པའི་འདེབས་འཛུགས་སོགས་གཙོ་གནད་ལག་རྩལ་རྒྱ་སྐྱེད་དུ་གཏོང་བ། ས་ཞིང“འབྲུ་རིགས་ཅན་མ་ཡིན་པའི”འདེབས་འཛུགས་འགོག་པ་དང་། ས་རྒོལ་ལ་སྤྱི་འདོམས་བེད་སྤྱོད་བྱེད་པ་སོགས་གཙོ་གནད་བྱ་བར་སྐུལ་འདེད་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་དཔྱིད་དུས་ཞིང་ལས་ཐོན་སྐྱེད་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས། 

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་སུ་བཏབ་ཟིན་པའི་རིགས་མི་འདྲ་བའི་ལོ་ཏོག་མུའུ་ཁྲི221.1(སྤྱི་ཆིང་ཁྲི14.74)ཡོད་པ་དང་། དེ་ལས་འབྲུ་རིགས་མུའུ་ཁྲི134.5(སྤྱི་ཆིང་ཁྲི8.96)བཏབ་ཡོད། ད་ལྟ་བཏབ་ཟིན་པའི་རྒྱ་ཁྱོན་གྱིས་ས་ཞིང་སྤྱིའི་རྒྱ་ཁྱོན་གྱི26%ཡན་ཟིན་འདུག རྨ་ཙོང་གི་དྲོད་གཤེར་ལྡན་པའི་ཆུ་འདྲེན་ས་ཁུལ་དུ་དགུན་གྲོ་མུའུཁྲི17(སྤྱི་ཆིང་ཁྲི1.13)ལྷག་སྐྱེ་ཚུལ་ལེགས་པ་ཡིན། 2020ལོར་ལས་གཞི་བཙུགས་ཤིང་ལག་བསྟར་བྱས་པའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་གཞི་ཤར་ནས་ནུབ་ཏུ་རིམ་བཞིན་ལས་མགོ་བསྐྱར་ཚུགས་བྱེད་བཞིན་ཡོད། 

རིམ་པ་སོ་སོའི་ས་བོན་དོ་དམ་སྡེ་ཁག་གིས་ཞིབ་ཚགས་སྒོས་ས་བོན་ལེགས་པོ་བསྡུ་ཉར་བྱ་བ་ཡག་པོར་བསྒྲུབས་ཏེ། བསྡོམས་པའི་རིགས་མི་འདྲ་བའི་ལོ་ཏོག་གི་ས་བོན་སྤྱི་རྒྱ་ཁྲི3470.2ཉར་ཚགས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ལོ་ཏོག་གི་ས་བོན་སྤྱི་འདོམས་མཁོ་སྤྲོད་བྱེད་ཚད14.6%ལ་སླེབས་ཤིང་། ད་ལྟ། ཞིང་ཆེན་ཡོངས་སུ་མཁོ་འདོན་ས་བོན་སྤྱི་རྒྱ་ཁྲི912.5བཙོང་ཟིན་པ་དང་། ས་བོན་གྱི་རིན་གོང་བདེ་ཞིང་། ད་ལོའི་དཔྱིད་འདེབས་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་ཐུབ། 

གཞན་ཡང་། “ཉུང་འཕྲི་གཉིས”ཀྱི་འགུལ་སྐྱོད་དང་ས་ཞིང་ཚད་འཇལ་གྱིས་ལུད་རྫས་བསྟར་བ་སོགས་ཞིང་ལས་ཐོན་སྐྱེད་ལག་རྩལ་ལ་དམིགས་ཏེ། རྣམ་པ་གསར་པའི་ཞིང་ལས་གཉེར་སྐྱོང་གཙོ་གཞིའི་སྣེ་ཁྲིད་པ་དང་། ཕྱིར་ཞིང་སྡེར་བསྐྱོད་དེ་ལས་སྐྲུན་བྱེད་མཁན། ཆེད་ལས་འདེབས་སྐྱོང་ལག་རྩལ་པ། ཞིང་ཕྱུགས་ལས་ཐོན་ལས་གནད་ཁེལ་དབུལ་སྐྱོར་གསོ་སྦྱོང་སོགས་སྤེལ་ཏེ། གསོ་སྦྱོང་སྐབས260པ་སྤེལ་བ་དང་། བསྡོམས་པས་གསོ་སྦྱོང་མི་ཐེངས་ཁྲི1.33ལ་སླེབས། ད་ལོར་ལག་བསྟར་བྱས་པའི་མུའུ་ཁྲི30(སྤྱི་ཆིང་ཁྲི2)ཅན་གྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་འགན་ཁུར་གྱི་རྩད་ཞིབ་ཇུས་འགོད་དང་ཞིབ་བཤེར་སོགས་སྔོན་འགྲོའི་བྱ་བ་རིམ་བཞིན་སྤེལ་བཞིན་པའི་སྒང་ཡིན།  །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།