ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔ་དྲོའི་ཆུ་ཚོད8དང་སྐར་མ22ཐོག མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་དུ་ཞིང་ཆེན་ནང་ཁུལ་གྱི་གཉེན་འབྲེལ་མིན་པའི་ཁྲག་གསོའི་རྩ་བའི་ཕྲ་ཕུང་འཚོལ་བསྡུ་ལས་དོན་སྤེལ་བ་དང་། ཕྱི་དྲོའི་ཆུ་ཚོད15ཡི་ཐོག་ཁྲག་གསོའི་རྩ་བའི་ཕྲ་ཕུང་འཚོལ་བསྡུ་ལེགས་འགྲུབ་བྱས་ཤིང་ཞལ་འདེབས་དང་ལེན་བྱེད་པའི་སྨན་ཁང་ལ་བརྒྱུད་སྤྲོད་བྱས། ཐེངས་འདིའི་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གཉེན་འབྲེལ་མིན་པའི་ཁྲག་གསོའི་རྩ་བའི་ཕྲ་ཕུང་འཚོལ་བསྡུ་ཐོག་མ་ལེགས་འགྲུབ་བྱུང་བར་དོན་སྙིང་གལ་ཆེན་ལྡན།
ཐེངས་འདིའི་ཞལ་འདེབས་འབུལ་མཁན་ནི་མཚོ་སྔོན་སློབ་ཆེན་གྱི་སློབ་མ་ཞིག་ཡིན་ལ། 2019ལོའི་ཟླ5པའི་ཚེས28ཉིན་ཀྲུང་གོའི་ཁྲག་གསོའི་རྩ་བའི་ཕྲ་ཕུང་ཞལ་འདེབས་འབུལ་མཁན་གྱི་དཔྱད་ཡིག་མཛོད་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་རེད། 2020ལོའི་ཟླ12པར་ཀྲུང་ཧྭ་རྐང་མར་མཛོད་ཀྱི་འཚོལ་ཞིབ་བྱས་པ་བརྒྱུད་རྒྱལ་ནང་གི་ཁྲག་གི་ནད་པ་ཞིག་དངHLAཐོག་མའི་འདེམས་སྦྱོར་གྱི་རྣམ་པ་ཆ་འགྲིག་ཡིན། ཀྲུང་གོ་ཁྲག་གསོའི་རྩ་བའི་ཕྲ་ཕུང་གི་ཞལ་འདེབས་འབུལ་མཁན་དཔྱད་ཡིག་མཛོད་མཚོ་སྔོན་ཞིང་ཆེན་ཡན་ལག་མཛོད་ཀྱི་ལས་དོན་མི་སྣས་ཞལ་འདེབས་འབུལ་མཁན་དང་འབྲེལ་བ་བྱས་པ་བརྒྱུད། ཞལ་འདེབས་འབུལ་མཁན་གྱིས་ཞལ་འདེབས་འབུལ་རྒྱུའི་གྲ་སྒྲིག་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་པ་དང་། 2021ལོའི་ཟླ4པའི་ཚེས7ཉིན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་དུ་ཉིན4རིང་ལ་དུས་མགོའི་གྲ་སྒྲིག་བྱས།
ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གི་ཁྲག་རྒྱུན་ཚན་ཁག་གི་ཀྲུའུ་རེན་དབྱིན་ཆིང་ཉིང་གིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་ནི་མཚོ་སྔོན་ཞིང་ཆེན་གྱི་རྩ་བའི་ཕྲ་ཕུང་གི་གནས་ཁེལ་འཚོལ་བསྡུ་དང་སྤོ་འཇུག་སྨན་ཁང་གཅིག་པུ་ཡིན་པ་དང་། ཞིང་ཆེན་ཡོངས་སུ་རྩ་བའི་ཕྲ་ཕུང་འཚོལ་བསྡུའི་ལས་དོན་སྤེལ་བཞིན་ཡོད། ཞལ་འདེབས་འབུལ་མཁན་གྱིས་སྤོ་འཇུག་བྱེད་པར་ས་ཆ་གཞན་འགྲོ་མི་དགོས་པས། འདེམས་སྦྱོར་ཕྱོགས་གཉིས་ཀྱིས་དུས་ཚོད་འབོར་ཆེན་གྲོན་ཆུང་བྱེད་ཐུབ་ལ། ནད་པའི་དཔལ་འབྱོར་གྱི་ཁུར་པོའང་ཇེ་ཡང་དུ་གཏོང་ཐུབ་ཟེར། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་གྱིས་ཐེངས་དང་པོར་གཉེན་འབྲེལ་མིན་པའི་ཁྲག་གསོའི་རྩ་བའི་ཕྲ་ཕུང་འཚོལ་བསྡུ་ལེགས་འགྲུབ་བྱུང་།