ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས9ཉིན། ལན་ཀྲོའུ་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་གྱིས་ལན་ཀྲོའུ་ནས《ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོམ་བུའི་མི་ཤུགས་ཐོན་ཁུངས་མཉམ་ལས་ཀྱི་གྲོས་མཐུན》བཞག་པ་དང་། ཁྱོན་ཡོངས་ནས་གྲོང་ཁྱེར་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཚོང་རའི་གཞོགས་ལས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་། ལས་ཞུགས་ཞབས་ཞུའི་མཉམ་སྤྱོད་སྒྲིག་སྲོལ་བཙུགས་པ་སོགས་ཕྱོགས13ནས་མཉམ་ལས་ཀྱི་ངོས་ཟིན་གཅིག་མཐུན་གྲུབ་ཡོད། ལན་ཀྲོའུ་དང་ཟི་ལིང་གི་མི་ཤུགས་ཐོན་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་སྒྲིག་གཞི་ལ་རྣམ་པ་གསར་བ་བཏོད་པ་དང་། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོམ་བུའི་མི་ཤུགས་ཐོན་ཁུངས་བར“ལེགས་ཆ་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད། མཉམ་ལས་གཉིས་ཕན”གྱི་དོན་སྙིང་གསར་བ་བསྩལ་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། ལན་ཀྲོའུ་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་བར་བཞག་པའི་མཉམ་ལས་གྲོས་མཐུན་ནང་དུ། “ཁྱོན་ཡོངས་ནས་གྲོང་ཁྱེར་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཚོང་རའི་གཞོགས་ལས་རོགས་ཟླའི་འབྲེལ་བ་འཛུག་པ་དེ་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་བྱ་བ་འགངས་ཆེན་དུ་བཟུང་སྟེ། ཕྱོགས་གཉིས་བར་སྔར་བས་ཚགས་དམ་པའི་མི་ཤུགས་ཐོན་ཁུངས་ཚོང་རའི་གཞོགས་ལས་བྱ་བའི་སྒྲིག་གཞི་ཆགས་རྒྱུ་དང་། མཉམ་དུ་གཅིག་གྱུར་ཚད་ལྡན་གྱི་ས་ཁུལ་མི་ཤུགས་ཐོན་ཁུངས་ཚོང་ར་དང་ཁེ་དབང་སྲུང་སྐྱོང་བྱེད་པའི་གཞོགས་ལས་ལམ་སྲོལ་བཙུགས་ཏེ། ས་ཁུལ་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གྲོས་མཐུན་ནང་། གྲོང་ཁྱེར་གཉིས་ཀྱིས་མ་འོངས་བར་ལས་ཤོར་མི་སྣ་ས་ཆ་གཞན་ནས་ལས་ཞུགས་བྱེད་པའི་ཞབས་ཞུ་སྤེལ་རྒྱུ་ཡིན་པ་དང་། ལན་ཀྲོའུ་དང་ཟི་ལིང་ས་ཁུལ་གཉིས་ཀྱི་ཤེས་ལྡན་མི་སྣའི་འབྲེལ་འདྲིས་གླེང་མོལ་ཚོགས་འདུ་འཚོག་རྒྱུ་དང་། ལས་གཏོད་སྲིད་ཇུས་དང་ལས་གཏོད་ཞབས་ཞུ། ལས་གཏོད་ཀྱིས་ལས་ཞུགས་བྱ་བར་སྐུལ་ཁྲིད་བྱེད་པ་སོགས་སློབ་སྦྱོང་དང་འབྲེལ་འདྲིས་ཞིབ་དཔྱད་བྱེད་སྒོ་སྤེལ་ཏེ། ལན་ཇུ་དང་ཟི་ལིང་གྲོང་ཁྱེར་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་ལས་རིགས་ལག་རྩལ་མ་ལག་འཛུགས་པ། ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་བའི་ས་ཁུལ་ཤེས་ལྡན་མི་སྣའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་ཤུགས་ཐོན་ཁུངས་གཞོགས་མཐུན་འཕེལ་རྒྱས་ཀྱིས་ས་ཁོངས་གཞོགས་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དེ་དང་མཉམ་དུ། གྲོང་ཁྱེར་གཉིས་ཀྱི་མི་ཤུགས་ཐོན་ཁུངས་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུག་པ་དང་། རྩ་དོན་ཐོག་ལོ་རེར་ཚོགས་འདུ་ཐེངས་གཅིག་འཚོགས་རྒྱུ་དང་། འབྲེལ་ཡོད་ལམ་ལུགས་འཛུག་པ་དང་འཐུས་ཚང་དུ་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་པ། ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་བར་གྱི་མི་ཤུགས་ཐོན་ཁུངས་མཉམ་ལས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནད་དོན་གལ་ཆེན་ལ་གཞོགས་འདེགས་དང་སྐུལ་འདེད་གཏོང་ནས། གྲོང་ཁྱེར་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཐོན་ལས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
དེང་ཕྱིན། ལན་ཀྲོའུ་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་གཉིས་ཀྱིས་ལག་ཟུང་སྦྲེལ་ནས་མི་ཤུགས་ཐོན་ཁུངས་ཚོང་རའི་གཞོགས་ལས་དང་ས་ཁོངས་ཤེས་ལྡན་མི་སྣའི་འབྲེལ་འདྲིས་དང་མཉམ་ལས། ཐོན་ལས་གཞོགས་མཐུན་འཕེལ་རྒྱས་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་ངང་སྤེལ་ཏེ། ལས་ཞུགས་ཞབས་ཞུའི་མཉམ་སྤྱོད་དང་། འཁོར་རྒྱུག་མི་སྣའི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་དང་ཤེས་ལྡན་མི་སྣ་སྐོང་འཐེན་དང་འབྲེལ་འདྲིས་མཉམ་སྤྱོད་ལ་བརྟེན་ནས། གྲོང་ཁྱེར་གཉིས་ཀྱི་ངལ་རྩོལ་ནུས་པའི་ཐོན་ཁུངས་ཀྱི་མཁོ་འདོན་འབྲེལ་བའི་མཉམ་ལས་སྟེགས་བུ་འཛུགས་པ་དང་། ལན་ཀྲོའུ་དང་ཟི་ལིང་ས་ཁུལ་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་ངར་ཤུགས་བསྐྱེད་དེ། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོམ་བུའི་འཛུགས་སྐྲུན་སྤུས་མཐོའི་ངང་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱེད་ཐུབ། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
ཟི་ལིང་དང་ལན་ཀྲོའུ་བར་གྱི་གན་རྒྱ་གལ་ཆེན་ཞིག་ལ་མིང་ཐོ་བཀོད།