ཡུས་ཚོང་ལི་ཡིས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་བརྗོད་དོན་སྒྱུ་རྩལ་འགྲེམ་སྟོན་འགོ་རྩོམ་པའི་མཛད་སྒོའི་སྟེང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་མཚོ་སྔོན་གྱི་གཏམ་རྒྱུད་བཤད་དགོས་ཞེས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་བརྗོད་དོན་སྒྱུ་རྩལ་འགྲེམ་སྟོན་མཚོ་སྔོན་མཛེས་རྩལ་ཁང་ནས་བསྡུ་འགོ་བརྩམས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་ཡིས་འགྲེམ་སྟོན་བསྡུས་པ་ཁྱབ་བསྒྲགས་བྱས་པར་མ་ཟད་ལྟ་ལྐོར་དང་བཞུགས་མོལ་བྱས།

ཡུས་ཚོང་ལི་ཡིས་འགྲེམ་སྟོན་ལ་བལྟས་པ་དང་འགྲེལ་བཤད་ལ་ཉན་པ་མ་ཟད། བརྩམས་ཆོས་ཀྱི་རྩོམ་པ་པོ་དང་འགྲེལ་བཤད་མི་སྣ་དང་བརྗེ་རེས་ཟབ་མོ་བྱས། ཁོས་བསྟན་དོན། ཐེངས་འདིའི་བརྗོད་དོན་སྒྱུ་རྩལ་འགྲེམ་སྟོན་གྱི་བརྗོད་དོན་མངོན་གསལ་ཡིན་ཞིང་འདྲེན་བྱེད་སྣ་མང་བ་དང་། ནང་དོན་ཕུན་སུམ་ཚོགས་ལ། མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བྱེད་ཐབས་གསར་བ་དང་གནས་ཚུལ་གསར་བ། གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས་པ་མ་ཟད། མཐོ་སྒང་གི་བུ་དང་བུ་མོས་དཀའ་སྡུག་ཁྱད་སེལ་དང་ཞུམ་མེད་མདུན་སྐྱོད་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད་ལ། རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱི་བརྩེ་སེམས་དང་འགན་འཁྲི་མངོན་པར་བྱས་ཡོད་ཟེར།

ཡུས་ཚོང་ལི་ཡིས་བཞུགས་མོལ་ཁྲོད་ནན་གྱིས་བསྟན་དོན། རྩོམ་རིག་སྒྱུ་རྩལ་གྱིས་ཏང་གི་ལྟེ་གནས་བྱ་བར་ཞབས་འདེགས་ཞུ་བ་དང་། མི་དམངས་གཙོར་འཛིན་པའི་གསར་རྩོམ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། དེའི་རྗེས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམིགས་པ་དང་། དབུལ་ཐར་མཁྲེགས་གཏོར་ཐད་ནས་བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་དམ་དུ་དམིགས་ནས། བསམ་བློ་རང་བཞིན་དང་ཡང་དག་རང་བཞིན། བརྒྱུད་སྒྲོག་ནུས་པ། ཤན་ཤུགས་ནུས་པ། ནང་འགུག་ནུས་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། འགྲེམ་སྟོན་དང་སྐོར་འདྲེན་གྱི་བྱ་བར་རྩ་འཛུགས་བཟང་བོ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོ་བཤད་པ། སྤྱི་ཚོགས་ཡོངས་ནས་གོང་འོག་སེམས་གཅིག་དང་ཞུམ་མེད་མདུན་སྐྱོད། གནད་ཕིགས་དངོས་གཉེར། གསར་སྤེལ་གསར་གཏོད། དཀའ་ངལ་ཁྱད་སེལ། མི་དམངས་ཀྱི་རེ་བ་སྟོང་ཟད་མི་གཏོང་བའི་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དུས་རབས་གསར་བར་ཞུགས་པ་དང་འཐབ་ལམ་གསར་བར་འབད་འཐབ་བྱེད་པའི་ཁྲོད་རྩོམ་རིག་སྒྱུ་རྩལ་བྱ་བའི་གྲུབ་འབྲས་གསར་བ་དང་སྣང་བརྙན་གསར་བ་འགྲེམ་སྟོན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།