མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པའི་ལག་བསྟར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པའི་ལག་བསྟར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ད་ལྟའི་བར་དུ།མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་བདེ་ལེགས་ངང་སྤེལ་ཟིན་པ་དང་། ཚོང་གཏམ་གྲོས་ཚོགས་བཟང་བོར་སྒྲུབ་རྒྱུ་དང་རྒྱུད་གཅིག་ལམ་གཅིག་གི་ལམ་རྒྱུད་དུ་གནས་པའི་རྒྱལ་ཁབ་དང་ས་ཁུལ་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་དུ་སྤེལ་བ། ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྟེགས་བུ་བསྐྲུན་པ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་ཆེན་པོ་ལྡན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ལོའང་ཡིན་པས། ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བཟང་བོར་སྒྲུབ་པའི་ཐད་དོན་སྙིང་ཆེན་པོ་ལྡན། ས་གནས་དང་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་བསམ་བློ་གཅིག་གྱུར་བྱེད་པ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ལས་རིམ་ཁག་སོ་སོའི་སྟ་གོན་རྩ་འཛུགས་བྱ་བ་བཟང་བོར་སྒྲུབ་པ་བཅས་ལ་འབད་འབུངས་ལྷོད་མེད་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བསྡུ་བར་ད་དུང་དུས་ཡུན་ཟླ་ངོ་གསུམ་ལྷག་ཡོད་ལ། དུས་ཚོད་མང་པོ་མེད་པ་དང་འོས་འགན་ལྕི་བར་བརྟེན། ས་གནས་དང་སྡེ་ཁག་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱུ་དང་། གྲོན་ཆུང་ཞིབ་ཚགས་སྒོས་སྒྲུབ་པ། གོ་རིམ་ལྡན་པའི་ངང་ནས་སྟ་གོན་ལས་རིམ་ཁག་སྒྲུབ་པར་འབད་དེ། འོས་འགན་ཡོངས་འགྲུབ་ཐད་འགན་ལེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།