ལིས་ཅེ་ཞང་གིས་པེ་ཁོང་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་པ་ཐེན་ཀྲིན་ཆེན་སོགས་ལ་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཟི་ལིང་ནས་པེ་ཁོང་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་པ་ཐེན་ཀྲིན་ཆེན་སོགས་ལ་ཐུག་འཕྲད་བྱས།

ལིས་ཅེ་ཞང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཐེན་ཀྲིན་ཆེན་སོགས་མཚོ་སྔོན་དུ་ལྟ་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས། ཁོས་བསྟན་དོན། མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ། ཀྲུང་ཧྭ་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེན་པོ་ཕྲག་ཏུ་བླངས་ཡོད། མིག་སྔར། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྒང་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བཙུགས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཁུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། པེ་ཁོང་སྡེ་ཚོགས་དེ་འགན་ཁུར་དང་ཁག་ཁུར་ཡོད་པའི་རྒྱལ་དབང་ཁེ་ལས་ཡིན་པའི་ཆ་ནས། ལོ་མང་པོའི་རིང་ལ་རང་ཞིང་གི་གནོད་འགོད་རྒུད་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཁྲོད་ཞུགས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག པེ་ཁོང་སྡེ་ཚོགས་ཀྱིས་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་མ་དཔེ་གསར་བ་འཛུགས་སྐྲུན་བྱེད་པ། མཉམ་ལས་ཀྱི་ཤུགས་འདོན་ས་འཚོལ་བ། འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་མཉམ་སྤྱོད་བྱེད་པ། རབ་མཛེས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

ཐེན་ཀྲིན་ཆེན་གྱིས་པེ་ཁོང་སྡེ་ཚོགས་ལས་སྒོའི་གནས་ཚུལ་དང་ཆེད་དོན་དགེ་མཚན་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ངོ་སྤྲོད་བྱས། ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་ལ་སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་ཆེན་པོ་དང་ཐོན་ལས་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་ལྡན་པ་དང་། པེ་ཁོང་སྡེ་ཚོགས་ཀྱིས་འཆར་འགོད་ཇུས་འགོད་དང་དངུལ་གཏོང་འཛུགས་སྐྲུན། ཚོང་རའི་འཁོར་རྒྱུག་སོགས་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ། རྒྱལ་དབང་ཁེ་ལས་ཀྱི་ཁག་ཁུར་ལག་བསྟར་བྱེད་པ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ། དག་གཙང་ནུས་ཁུངས་འཕེལ་རྒྱས། རིག་གནས་གནས་སྐོར་ལས་དོན་ཁྲོད་ཞུགས་ནས། རབ་མཛེས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།