ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་རྩྭ་ཐང་བྱ་བ་དེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་དམ་པོར་དམིགས་ནས། ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ཤུགས་ཚད་བསྟུད་མར་ཇེ་ཆེར་བཏང་བ་དང་། དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱས་པས། དོ་དམ་གྱི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་བྱུང་། ནགས་ཚལ་ཐོན་ཁུངས་ལྟ་ཞིབ་ཚད་ལེན་བྱས་པའི་གྲུབ་འབྲས་ལྟར་ན། 2020ལོར་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང10933333.3(མུའུ་དུང་ཕྱུར1.64)ཡོད་པ་དེས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་གྱི15.2%ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁེབས་ཚད7.5%རུ་སླེབས་པ་དེ། “ལྔ་བཅུ་གསུམ”གྱི་ཐོག་མའི་དུས་སྐབས་ཀྱི6.3%ནས་བརྒྱ་ཆའི་ཆ1.2འཕར་ཏེ། བརྟན་བརླིང་ཁྲོད་ཀྱི་ཡར་ཐོན་རྒྱུན་འཁྱོངས་བྱས། སྡོང་རིང་ལྗོན་ཤིང་ནགས་ཚལ་སྤྱི་ཆིང་རེའི་ནང་དུ་སྨི་རྒྱ་དཔངས་གྲུ་བཞི་མ115.43རེ་ཡོད་པས། རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད།
རྒྱུས་ལོན་བྱས་པ་ལྟར་ན། ཞིང་ཆེན་ཡོངས་སུ་རང་བྱུང་ནགས་ཚལ་སྤྱི་ཆིང་ཁྲི592ཡོད་ལ། གཙོ་བོ་རྨ་ཆུ་དང་དེའི་ཡན་ལག་བཞུར་རྒྱུན། འབྲི་ཆུ་དང་རྫ་ཆུའི་ཕྱིའི་བཞུར་རྒྱུན་གྱི་འགྲམ་ངོགས་དང་ཚྭ་འདམ་གཞོང་གི་ས་ཁུལ་དུ་ཁྱབ་ཡོད་པ་དང་། དེ་དག་གིས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་སྤྱི་འབོར་གྱི98.4%ཟིན་ཡོད། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། རང་ཞིང་གི་རང་བྱུང་ནགས་ཚལ་ཐོན་ཁུངས་ཀྱི་རྒྱ་ཁྱོན་དང་གསོག་འཇོག་གཉིས་ཀ་འཕར་བ་དང་། ནགས་ཁུལ་ནས་སྐྱེ་དངོས་སྣ་མང་རང་བཞིན་བསྟུད་མར་སླར་གསོ་བྱུང་བ་དང་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ལེགས་པོར་གྱུར་པ། རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་ཇེ་ལེགས། སྤྱི་ཚོགས་འཕེལ་རྒྱས་འཆམ་མཐུན་བརྟན་བརླིང་བཅས་ཡིན་པའི་སྣང་ཚུལ་བཟང་པོ་མངོན་འགྱུར་བྱུང་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁེབས་ཚད7.5%རུ་སླེབས་པ།