རི་ལམ་ཀྱག་ཀྱོག་ཆེ་ལ། མཚམས་རེར་རྦབ་རྡོ་འགྲིལ་བ་ཡང་ཡོད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ནས་ལམ་ལ་ཆས་ཏེ་སྤྱི་ལེ97ལ་བསྐྱོད་དགོས་པའི་རི་ལམ་དེར། ཡམ་ཡོམ་ཀྱག་ཀྱོག་ཆེ་དྲགས་པས། རླངས་འཁོར་གཏོང་སྐབས་རྒྱུན་དུ་ཆུ་ཚོད་གསུམ་ལྷག་ཙམ་དུ་བསྐྱོད་དགོས། དགེ་རྒན་ཧོང་ལགས་ཀྱིས་རླངས་འཁོར་གཅིག་ཏུ་སྡོད་པའི་མི་རྣམས་ལ་དུས་ངེས་མེད་དུ“ཁྱོད་ཀྱིས་སྒོང་སྤྲི་གོར་སོབ་ཡར་ཁྱོགས་ནས་སྡོད་དང་། དེ་མིན་ན་སློབ་གྲྭར་འབྱོར་བའི་དུས་སུ་ཕྲུ་གུ་ཚོར་བཟའ་རུ་འཇུག་ཐབས་མེད”ཟེར་ནས་ཡང་ཡང་གསལ་འདེབས་དྲན་སྐུལ་བྱེད།
དགུན་སྟོད་ཀྱི་དུས་ཚིགས་དེ་དགེ་རྒན་ཧོང་ལགས་ལ་མཚོན་ན་ཁྱད་དུ་འཕགས་པའི་དུས་སྐབས་ཤིག་རེད། རི་ཆེན་གྱི་རྒྱབ་ཕྱོགས་སུ་འབྲོག་ཁུལ་གྱི་བྱིས་པ་མང་པོས“དགེ་རྒན་ཧོང་ལགས”ལ་རེ་སྒུག་བྱེད་བཞིན་ཡོད།
“དགེ་རྒན་ཧོང་ལགས”ཀྱི་མིང་ལ་ཧོང་ཀའོ་ཁུའེ་ཟེར་ཞིང་། ཁོ་ནི་ཆུ་སྔོན་གྲོང་རྡལ་ཚེར་ནག་སྡེ་བའི་གུང་ཁྲན་ཏང་ཡོན་དཀྱུས་མ་ཞིག་རེད། 1993ལོར་སྟོང་སྐོར་རྫོང་ནས་ཡུལ་འདིར་གནས་གཞི་སྤར་ཞིང་། ཚེར་ནག་སྡེ་བ་ནི་རྒྱ་རིགས་དང་།བོད་རིགས།ཧུའེ་རིགས་སོགས་མི་རིགས་མང་པོ་མཉམ་དུ་འདུས་སྡོད་བྱས་པའི་གྲོང་སྡེ་ཞིག་ཡིན་ལ། སྐབས་དེར་ཚེར་ནག་ཆ་ཚང་སློབ་ཆུང་ལ་དགེ་རྒན་ཧ་ཅང་དཀོན་པས། སློབ་གྲྭ་ཡོངས་ཀྱི་ལོ་རིམ་དུ་མའི་སློབ་མ་རྣམས་ལ་དགེ་རྒན་འགའ་ཤས་ཀྱིས་རེས་བསྐོར་ནས་སློབ་ཁྲིད་བྱེད་ཀྱིན་ཡོད།
ཞང་ཐོག་ནས་ཚེར་ནག་སྡེ་བར་ཡོན་ཏན་གྱི་ཆུ་ཚད་མཐོ་བའི་ན་གཞོན་ཞིག་ཡོད་པར་མ་ཟད། ད་དུང་སློབ་ཆུང་དགེ་རྒན་གྱི་ཚད་མཐུན་འཛིན་ཡིག་ཀྱང་ཡོད་པ་ཤེས་པས། ཐེངས་མང་པོར་ཧོང་ཀའོ་ཁུའེ་ཚང་ལ་ཡོང་ནས་ཁོའི་གནས་ཚུལ་རྒྱུས་ལོན་བྱས་ཤིང་། ཁོ་རང་གདན་འདྲེན་ཞུས་ནས་སྡེ་བའི་ནང་གི་སློབ་ཆུང་སློབ་མའི་ཚབ་ཁྲིད་དགེ་རྒན་བྱེད་དུ་བཅུག
ཐོག་མའི་དུས་སུ། དགེ་རྒན་ཧོང་ལགས་ཀྱི་འཚོ་བ་དབུལ་ཕོངས་ཡིན་པ་དང་། ལྷག་པར་དུ་གནས་སྐབས་ཀྱི་གདན་ཞུས་ཚབ་ཁྲིད་དགེ་རྒན་ཡིན་པའི་ངོས་ནས། ཟླ་བ་གཅིག་ལ་ཟླ་ཕོགས་ཧ་ཅང་ཉུང་ཙམ་མ་གཏོགས་མེད་ཅིང་། ཞིང་ལས་ལས་དགོས་པས་མི་ཚད། ད་རུང་ལྗིད་རྫོབ་ཆེ་བའི་སློབ་ཁྲིད་ཀྱི་བྱ་བ་ཡང་གཉེར་དགོས་པ་རེད།
ལོ་ངོ་དུ་མའི་སྔོན་དུ། ཚབ་ཁྲིད་དགེ་རྒན་བྱས་པའི་སྐབས་དེ་དུས་ནས་བཟུང་། ཧོང་ཀའོ་ཁུའེ་ཡིས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་གསོའི་ལས་དོན་ལ་འབད་འབུངས་བྱས། མི་ལ་ལས“ཁྱོད་ལོ27ལ་བུད་མ་ཐག་ཡིན་པས། ལོ་ན་གཞོན་ཞིང་རིག་གནས་ཡོན་ཏན་ཡང་ཡོད། ཐབས་བཀོད་འཐེན་ནས་སྒོར་མོ་བཙལ་དུ་མི་འགྲོ་བར། དེ་ལས་ལྡོག་སྟེ་དཔེ་ཆ་ཁྲིད་མཁན་མེད་པོ་ཞིག་བྱེད་དོན་ཡོད་དམ”ཞེས་བཤད། ཡང་གཅིག་བཤད་ན་དེ་ནི་ལས་དབང་ཞིག་ཡིན་ནའང་ཐང་ལ། འགན་འཁྲི་ཞིག་ཡིན་ཡང་སྲིད། ཧོང་ཀའོ་ཁུའེ་ཡིས་བཤད་རྒྱུར།“རང་ཉིད་ནི་བྱིས་པ་ཚོ་ལ་དམིགས་བསལ་གྱི་བརྩེ་དུངས་ཡོད་པས། བྱིས་པ་ཚོ་སློབ་གྲྭར་ཡག་པོ་བསྐྱོད་ནས་སློབ་ཆེན་ལ་རྒྱུགས་འཕྲོད་ན། མ་འོངས་པར་མདུན་ལམ་ཡོད་པས་ཆོག་གོ”ཞེས་སྨྲས།
སློབ་ཁྲིད་བྱེད་པའི་སྐབས་སུ། དཀའ་ངལ་མང་པོ་དང་མི་རན་མི་འཕྲོད་པའི་གནས་ཚུལ་མང་དུ་བྱུང་མོད། འོན་ཀྱང་ཧོང་ཀའོ་ཁུའེ་ཡིས་གཏན་ནས་འཁང་ར་བྱས་མ་མྱོང་། ཁོས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་རང་ཉིད་ཀྱིས་འགྲིག་པར་འདོད་པའི་བྱ་བ་རྣམས་བསྒྲུབས་དང་སྒྲུབ་བཞིན་ཡོད། ཅང་མ་འགོར་བར། ཧོང་ཀའོ་ཁུའེ་ཡིས་སློབ་གྲྭར་ཡོད་པའི་དགེ་རྒན་རྣམས་དང་བསམ་ཚུལ་སྤེལ་རེས་བྱས་པ་བརྒྱུད། དཔྱད་གཞིའི་ཡིག་རིགས་ཀྱང་བཀླགས་ནས། ས་གནས་དེ་གའི་སློབ་ཆུང་གི་ད་ལྟ་སྤྱོད་བཞིན་པའི་སློབ་དེབ་ལ་བྱང་ཆ་ལྡན་པར་བྱས། སློབ་མ་ཚོར་དམིགས་གཏད་ཡོད་པའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དང་། ནང་སྦྱོང་གི་དཔེར་མཚོན་རྒྱུགས་གཞི་རྒྱ་ཆེར་བཏང་བ་བརྒྱུད་ནས། སློབ་མ་ཚོས་སྔར་ལས་བཟང་བའི་སྒོ་ནས་རྒྱུགས་ལེན་པའི་ཤེས་བྱའི་གནད་འགག་མཐའ་དག་ཁོང་དུ་ཆུད་ཅིང་། ཡིད་ཆེས་ཀྱང་ཇེ་བརྟན་དུ་གྱུར།
སྐབས་ལ་ལར། ཧོང་ཀའོ་ཁུའེ་ཡིས་སློབ་མ་རེ་རེ་བཞིན་གཞུང་ལས་ཁང་དུ་བོས་ཏེ་སྙིང་གཏམ་བཤད་ཅིང་། དགའ་མོས་སྤྲོ་སྣང་དང་ཁྱིམ་ཚང་གི་གནས་ཚུལ། བསམ་ཕྱོགས་དྲན་ཚུལ་རྒྱུས་ལོན་བྱེད་པ་ནས་མགོ་བརྩམས་ཏེ་རིམ་གྱིས་རིམ་གྱིས་སློབ་སྦྱོང་གི་གནས་ཚུལ་ལ་ཞུགས་པ་རེད། སྐབས་ལན་རེར་ཁ་བརྡ་བྱས་ནས་དུས་ཚོད་ཁ་ཤས་འགོར་ཟིན་ནའང་། ཁོའི་རྣམ་དག་གི་ལྷག་བསམ་དེས་རིམ་བཞིན་སློབ་མ་རྣམས་ཀྱི་སེམས་རྒྱ་སྔར་ལས་ཆེ་རུ་བསྐྱེད་བྱུང་།
དེ་ནས་རིམ་གྱིས་ཧོང་ཀའོ་ཁུའེ་ཡི་གཞུང་ལས་ཁང་གི་ཅོག་ཙེའི་མདུན་དུ་རྟག་པར་བྱིས་པ་སྐོར་ཞིག་གིས་ཀུན་ནས་བསྐོར། སྐབས་འགར་བྱིས་པ་ཚོས་དལ་ཅག་གེར་ཁོས་འགྲེལ་བཤད་རྒྱག་པའི་སྦྱོང་གཞི་ཟུར་ཁྲིད་ལ་ཉན། ཡང་སྐབས་འགར་ཁོས་ཁ་ཚིག་རྩུབ་མོ་དང་བསམ་པ་དཀར་པོ་བཅངས་ཤིང་། ཤ་ཚ་ཚ་དང་སྙིང་ཉེ་ཉེའི་སྒོ་ནས་ཁ་ཏ་སློབ་གསོ་དང་བསམ་བློའི་བྱ་བ་སྤེལ་བཞིན་ཡོད། ཡང་སྐབས་ལ་ལར། དགེ་སློབ་བར་སེམས་པ་ལྷོད་ལ་བབས་ནས་ཡིད་བདེ་བག་ཕེབས་ཀྱི་ངང་རང་རང་དགའ་མོས་ཡོད་པའི་གཏམ་ཅི་རིགས་གླེང་མོལ་བྱེད་པ་རེད།
ཁོས་སེམས་བསམ་པའི་གཏིང་ནས་ལྷག་བསམ་ཟོལ་མེད་ཀྱིས་སློབ་མ་དང་འབྲེལ་འདྲིས་བྱེད་ཅིང་། དཔེར་ན་མཛའ་ཞིང་གཅུགས་པའི་གྲོགས་པོ་ནང་བཞིན་འགྲོགས་འདྲིས་བྱེད་ལ། གཉེན་ཉེ་ནང་བཞིན་བྱམས་པའི་གཅེས་སྐྱོང་ཡང་བྱེད་པས། སེམས་དང་སེམས་ཀྱི་བར་ཐག་ཡང་དེ་ལྟར་རིམ་གྱིས་ཇེ་ཉེ་ནས་ཇེ་ཉེར་ཕྱིན།
2009ལོར། ཚེར་ནག་སྡེ་བའི་ཧྲེ་བཞི་པའི་སློབ་མ་ལིའུ་ཀུའེ་ཧྭ་ཡིས་མཐོ་རྒྱུགས་ཀྱི་རྒྱུགས་ཚད་མ་ལོན་པས། སེམས་ཕམ་ཞིང་ཡིད་ཆད་ནས་ལུས་ཡོད་པ་དང་། ཁྱིམ་མི་ཚང་མས་ཀྱང་ཕྲུ་གུའི་མདུན་ལམ་ལ་གདེང་ཚོད་མེད་པའི་དུས་དེར། ཧོང་ཀའོ་ཁུའེ་རང་འགུལ་ངང་ཁོ་ཚང་དུ་སོང་ནས་ཐབས་འདོན་ཇུས་འགོད་བྱ་རོགས་བྱས་ཤིང་། ཕྱིས་སུ་རང་གིས་སྒོར་མོ་ཉུང་ཙམ་བཏོན་ནས་ཆེད་དུ་ཟི་ལིང་ལ་སོང་སྟེ་བྱིས་པ་དེར་སློབ་གྲྭ་འགྲོ་ས་ཞིག་འབྲེལ་འཛུགས་བྱས་པར་མ་ཟད། ད་དུང་རང་ཉིད་ཀྱིས་དངོས་སུ་བསྐྱལ་ནས་སློབ་མ་དེ་སློབ་གྲྭར་བརྫངས། ད་ལྟ། ལིའུ་ཀུའེ་ཧྭ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཡོད་ཅིང་། བྱ་བ་ཡང་བརྟན་པོ་ཞིག་རྙེད་འདུག དེ་ལྟ་ནའང་། དེ་ནི་ཧོང་ཀའོ་ཁུའེ་ཡིས་སྡེ་བའི་ནང་གི་སློབ་མར་རོགས་རམ་བྱས་པའི་བསྡུས་རིས་ཙམ་རེད།
ཧོང་ཀའོ་ཁུའེ་ཡིས་བཤད་རྒྱུར“དབུལ་བཅོས་བྱེད་པར་སྔོན་ལ་བླུན་རྨོངས་བཅོས། དབུལ་སྐྱོར་བྱེད་པར་སྔོན་ལ་ཤེས་རིག་སྐྱོར། སློབ་གསོ་ནི་མི་རབས་ནས་མི་རབས་བར་དབུལ་ཕོངས་སྔོན་འགོག་བྱེད་པའི་རྩ་བཅོས་ཀྱི་ཐབས་ཇུས་ཡིན”ཞེས་སྨྲས། ད་ལྟ་མི་རྣམས་ཀྱིས་རིམ་བཞིན་ཤེས་ཡོན་གྱིས་ལས་དབང་གི་ཁ་ལོ་བསྒྱུར་ཐུབ་པ་དང་། མ་འོངས་པའི་མདུན་ལམ་ནི་རང་ཉིད་ཀྱི་ལག་ན་ཡོད་པ་ཡིན་ཞེས་པའི་གནས་ལུགས་དེ་རྟོགས་ཐུབ་པ་བྱུང་ཡོད།
འགྱུར་ལྡོག་བྱུང་བ་ནི་ཁོར་ཡུག་དང་བྱིས་པ་ཚོ་ཁོ་ན་ཙམ་མ་ཡིན་པར། ད་དུང་ས་དེ་གའི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ཀྱང་རེད། ཁྱིམ་ཚང་གི་ཆ་རྐྱེན་ཅི་འདྲ་བ་ཞིག་ཡིན་རུང་། ཁྱིམ་བདག་ཚང་མས་རང་ཉིད་ཀྱི་བུ་ཕྲུག་སློབ་གྲྭར་མངགས་ནས་དཔེ་ཆ་བཟང་པོ་ཞིག་འདོན་ཐུབ་པའི་རེ་བ་བཅངས་ཡོད།
གཟའ་མཇུག་གི་སྐབས་དང་གུང་གསེང་གི་སྐབས་སུ་སླེབས་ཐེངས་རེ་རེར། ཧོང་ཀའོ་ཁུའེ་ཡིས་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ། གྲོང་གསེབ་ཏུ་སོང་ནས་སློབ་མའི་གནས་ཚུལ་ལ་བརྟག་ཞིབ་བྱས་ཤིང་། ཁོ་རང་ཚེར་ནག་སྡེ་བའི་རི་ལུང་ཐང་གསུམ་ཚང་མར་བསྐྱོད་ཅིང་། ཁོས་བྱིས་པ་ཚོ་ཁྲིད་ནས་སློབ་ཁྲིད་བྱེད་པ་དང་། རྩེད་མོ་རྩེ་བ། སློབ་གསོའི་མ་དངུལ་དང་འཚོ་བའི་མཁོ་ཆས་བསྡུ་རུབ་གྲབས་གསོག་བྱས་ནས། སློབ་གྲྭའི་ཁང་པ་བསྐྱར་བཞེངས་ཉམས་གསོ་བྱས་མྱོང་།
ལོ་ངོ20ལྷག་གི་རིང་ལ། ཧོང་ཀའོ་ཁུའེ་ཡིས་རྨང་གཞི་སློབ་གསོར་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་འགྱུར་ལྡོག་ཆེན་པོ་ལ་བདེན་དཔང་བྱས་ཡོད་དེ། དམའ་ཞིང་མུན་ནག་པའི་སློབ་ཁང་ནས། ཡངས་ཤིང་གསལ་བའི་སློབ་ཁྲིད་ཐོག་ཁང་གི་བར་དང་། རྙིང་ཞིང་གོག་པའི་ས་ཁང་གི་དཔེ་ཀློག་ཁང་ནས། རི་བོའི་གཏོས་དང་མཉམ་པར་བརྩིགས་པའི་དཔེ་མཛོད་ཁང་། རྐ་སེ་རྐོ་སེ་མང་ལ་ཁོད་མི་སྙོམས་པའི་རྩལ་སྦྱོང་ར་བ་ནས། ཚད་གཞི་ཅན་གྱི་རྒྱུག་ལམ་ཡོད་པའི་ལུས་རྩལ་ཐང་ཡངས་ཀྱི་བར་སོགས་མིག་གིས་མཐོང་རྒྱུ་ཡོད་པ་རེད།
ཧོང་ཀའོ་ཁུའེ་ཡིས་སློབ་མ་རྣམས་ལ“བྱིས་པ་སློབ་གྲྭར་འགྲོ་བའི་སློབ་ཡོན་དང་། སྡོད་ཁང་གི་རིན་པ། སློབ་དེབ་ཀྱི་རིན་པ་རྣམས་སྐར་མ་གཅིག་ཀྱང་བཀོལ་མི་དགོས་པར། ད་དུང་འཚོ་བའི་ཁ་གསབ་རོགས་དངུལ་ཡང་ཡོད། འདི་འདྲའི་འཚོ་བ་སྐྱིད་པོར་ང་ཚོས་གཅེས་སྤྲས་བྱེད་དགོས་ཡ”ཞེས་རྒྱུན་པར་དེ་ལྟར་བཤད།
ཆེས་ལེགས་པའི་སློབ་གསོ་ནི་ཆུ་སྣོད་རེ་རེ་ལྟེམ་ལྟེམ་དུ་འགེང་བར་བྱ་རྒྱུ་དེ་མ་ཡིན་པར། མེ་ཕུང་རེ་རེ་ལེགས་པར་སྦར་རྒྱུ་དེ་ཡིན། “གལ་ཏེ་བྱིས་པ་ཚོར་ཆེས་སྟེར་འདོད་པ་ཅི་ཞིག་ཡིན་ནམ་ཟེར་ན། ངས་ཁོ་ཚོར་མི་ཚེ་འདིར་གདམ་ག་མང་པོ་ཡོད་མོད། ལས་དབང་ནི་རང་ཉིད་ཀྱི་ལག་ཏུ་བཟུང་ཡོད་པ་དེ་གསལ་པོར་ཤེས་སུ་འཇུག་འདོད”ཅེས་ཧོང་ཀའོ་ཁུའེ་ཡིས་དེ་ལྟར་སྨྲས་བྱུང་། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
སྡེ་བའི་ནང་དུ“དགེ་རྒན་ཧོང་ལགས”སླེབས་བྱུང་།