ཝུའུ་ཧའེ་ཁུན་དམངས་གཉེར་ཁེ་ལས་པའི་བཞུགས་མོལ་གྲོས་ཚོགས་ལ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས་དམངས་གཉེར་ཁེ་ལས་པའི་བཞུགས་མོལ་གྲོས་ཚོགས་བསྡུས་ནས། དམངས་གཉེར་ཁེ་ལས་པས《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྲོལ་ཡིག(མ་ཟིན)》གྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་དཀའ་གནད་ཞིབ་འཇུག་བྱས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཧའེ་ཁུན་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ཝུའུ་ཧའེ་ཁུན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་སྐབས《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྲོལ་ཡིག》གཏན་འབེབས་བྱ་རྒྱུ་ནི་ད་ལོའི་ཁྲིམས་འཛུགས་ཀྱི་གཙོ་གནད་རྣམ་གྲངས་སུ་བཟུང་ནས། ཧུར་ཐག་གིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ་ཁྲོམ་རའི་གཙོ་གཞི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

ཝུའུ་ཧའེ་ཁུན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྲོལ་ཡིག》གཏན་འབེབས་བྱེད་པ་ནི་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་མཚོ་སྔོན་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་དང་། ཞིང་ཆེན་ཏང་ཨུས་མི་དམངས་འཐུས་མི་ཚོགས་ཆེན་ལ་བཅོལ་བའི་མངགས་བཅོལ་ཟབ་མོ་ཞིག ཁྲོམ་རའི་གཙོ་གཞིའི་རེ་སྒུག་ཆེན་པོ་ཞིག་བཅས་ཡིན། དམངས་གཉེར་ཁེ་ལས་པ་སོགས་སྤྱི་ཚོགས་ལས་རིགས་ཁག་གིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཁྲིམས་འཛུགས་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ནན་ཏན་ངང་གསེད་བཀྲོལ་བྱེད་པ་དང་། ལུགས་མཐུན་གྱི་བསམ་འཆར་དང་གྲོས་གཞི་ལ་ཞིབ་འཇུག་དང་བསྡུ་ལེན་བྱེད་པ། ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་པ། ཁྲིམས་འཛུགས་བྱས་པ་བརྒྱུད་ཧུར་ཐག་གིས་འདྲ་མཉམ་དྲང་བདེན་གྱི་འཕེལ་རྒྱས་ཁོར་ཡུག་བསྐྲུན་པ་དང་། ཧུར་ཐག་གིས་ནུས་ཆེའི་སྤྱོད་གཙང་གི་སྲིད་དོན་ཁོར་ཡུག་བསྐྲུན་པ། ཧུར་ཐག་གིས་ཡོངས་བསྒྲགས་དང་ཁ་གསལ་གྱི་ཁྲིམས་སྐྱོང་ཁོར་ཡུག་བསྐྲུན་པ། ཧུར་ཐག་གིས་སྒོ་དབྱེ་བསྟུན་མཁས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་བསྐྲུན་པ། མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་སུ་འགྲོ་བར་ཁྲིམས་ལྟར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། “ དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་འགྱུར་མེད་སྟོབས་ལྡན་གྱི་ཁྲིམས་སྐྱོང་འགན་ལེན་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།