མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གིས་ས་ཡོམ་གྱི་གནོད་འཚེ་འགོག་པའི་གཅིག་བསྡུས་སྐུལ་ཁྲིད་ཀྱི་ཕྱོགས་བསྡུས་འཁྲབ་སྦྱོང་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས7ཉིན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་། འཕྲལ་བསྟུན་དོ་དམ་པུའུ་ཡི“3·10”བརྙན་ལམ་གྲོས་ཚོགས་ཀྱི་དགོངས་དོན་དང་། དེ་བཞིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་བྱ་ཆེད། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གིས2021ལོའི་ས་ཡོམ་གྱི་གནོད་འཚེ་འགོག་པའི་གཅིག་བསྡུས་སྐུལ་ཁྲིད་ཀྱི་ཕྱོགས་བསྡུས་འཁྲབ་སྦྱོང་རྩ་འཛུགས་བྱས་པ་རེད།

ཐེངས་འདིའི་འཁྲབ་སྦྱོང་ནི་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་བཙུགས་པ་ནས་བཟུང་ཐིང་ལས་ཁུངས་དང་ཁོངས་གཏོགས་བྱ་གཞག་ལས་ཁུངས་ཀྱི་མི་སྣ་ཡོངས་ཞུགས་པའི་འཁྲབ་སྦྱོང་ཆེ་གྲས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཞིང་ཆེན་འཕྲལ་བསྟུན་ཐིང་གི་གནོད་འཚེའི་ལས་འཛོལ་འབྱུང་བར་ཁ་གཏད་པའི་འཕྲལ་མར་འགོག་རྒོལ་བྱེད་པའི་ནུས་པ་དང་། མཐུན་སྦྱོར་མཉམ་འགུལ་ནུས་པ། འཕྲལ་བསྟུན་ཐག་གཅོད་ནུས་པ་བཅས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་ཏེ། དུས་རབས་གསར་པའི་གནོད་འགོག་རྒུད་སྐྱོབ་དང་གནོད་འཚེ་ཉུང་ཏུ་གཏོང་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད་རེད།

འཁྲབ་སྦྱོང་སྐབས་འཕྲིན་གཏོང་འགན་ལེན་དང་དངོས་ཟོག་སྐྱེལ་འདྲེན་སོགས་རིགས་སོ་སོའི་རླངས་འཁོར40ལྷག་ཙམ་བཏང་བ་དང་། འཁྲབ་སྦྱོང་ནང་ཞུགས་མཁན་གྱི་མི་སྣ450ལྷག་ལ་གཅིག་བསྡུས་སྐུལ་ཁྲིད་བྱས་པ་མ་ཟད། ཐད་འཕུར་གནམ་གྲུ་བཏང་ནས་མཉམ་དུ་དཔྱང་ཟོམ་མེ་གསོད་དང་རྨས་མ་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་རྣམ་གྲངས་སྤེལ་ཏེ། ས་སྟོང་གི་མཉམ་འགུལ་རོགས་སྐྱོབ་ནུས་པ་སྔར་ལས་མཐོ་རུ་བཏང་། དེ་མིན་ད་དུང་གནད་ཁེལ་ནུས་ལྡན་གྱི་ལག་རྩལ་རྒྱབ་སྐྱོར་བྱེད་པའི་འཁྲབ་སྦྱོང་ནང་མི་མེད་བརྙན་ཕབ་གནམ་གྲུ་ཆེ་གྲས་བཀོད་སྒྲིག་བྱས་ནས་གནོད་འཚེའི་གནས་ཚུལ་རྩད་ཞིབ་དང་། ཡུལ་དངོས་་རྩད་ཞིབ་ཚད་ལེན། གཞི་གྲངས་དཔེ་དབྱིབས་བཟོ་བ་སོགས་ཀྱི་ལས་དོན་སྤེལ་བ་མ་ཟད། འཕྲིན་གཏོང་འགན་ལེན་ཁེ་ལས་མང་པོ་དང་མཉམ་འབྲེལ་གྱིས་འཁྲབ་སྦྱོང་གི་བརྒྱུད་རིམ་ཧྲིལ་བོར་བརྙན་ལམ་བརྒྱུད་ནས་རྗེས་སྙེགས་བྱས་པ་དང་། ཡུལ་དངོས་ཀྱི་གནས་ཚུལ་དངོས་དང་སྒྲ་བརྙན་བརྒྱུད་གཏོང་བྱེད་པ། མདུན་རྒྱབ་ཕྱོགས་བཀོད་འདོམས་པུའུ་ཡི་ཐབས་ཇུས་གཞི་འཛིན་པར་ཤུགས་སྣོན་པ་བཅས་བྱས་ཏེ། འཕྲལ་བསྟུན་རོགས་སྐྱོབ་ཆ་འཕྲིན་ཅན་དང་དེང་རབས་ཅན་གྱི་རྩ་ཆེའི་དངོས་འཐབ་ཉམས་མྱོང་གསོག་འཇོག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།