སློབ་གསོ་པུའི་སྤྱི་བསྒྲགས་གལ་ཆེན།

ཟླ4བའི་ཚེས6ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ་སློབ་གསོ་པུས《ནར་མ་སོན་པའི་བྱིས་པ་སློབ་གྲྭའི་སྲུང་སྐྱོང་གཏན་འཁེལ(བསམ་འཆར་བསྡུ་ལེན་མ་ཟིན)》(གཤམ་དུ《བསམ་འཆར་མ་ཟིན》ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་ཏེ་བསམ་འཆར་བསྡུ་ལེན་བྱས་པ་དང་། བསམ་འཆར་མ་ཟིན་ནང་སློབ་མའི་ངལ་གསོ་འགན་སྲུང་དང་སློབ་རའི་བརྙས་བཅོས་སྔོན་འགོག ཆགས་སྲེད་གནོད་འཚེ་སྔོན་འགོག་སོགས་ཕྱོགས་མང་པོའི་ཐད་གཏན་འཁེལ་མངོན་གསལ་བྱས་ཡོད་པ་རེད། 

 གཅིག སློབ་གྲྭས་སློབ་མ་རྩ་འཛུགས་བྱས་ཏེ་ཉེན་འགོག་གནོད་སེལ་དང་ཡང་ན་ཚོང་ལས་རང་བཞིན་གྱི་བྱ་འགུལ་སྤེལ་མི་ཆོག

བསམ་འཆར་མ་ཟིན་ནང་མི་ལུས་བདེ་འཇགས་ཐད་དུ། སློབ་གྲྭས་སློབ་མ་རྩ་འཛུགས་དང་བཀོད་སྒྲིག་བྱས་ཏེ་ཉེན་འགོག་གནོད་སེལ་དང་ཚོང་ལས་རང་བཞིན་གྱི་བྱེད་སྒོ་སྤེལ་མི་ཆོག་ལ། སློབ་མ་རྣམ་དུག་དང་གནོད་ལྡན་གྱི་ཉེན་ཁ་ཡོད་པའི་ལས་དོན་དང་དེ་བཞིན་སློབ་མ་ཞུགས་མི་འོས་པའི་བྱེད་སྒོ་གཞན་དག་ནང་ཞུགས་སུ་འཇུག་མི་ཆོག་ཅེས་བཏོན་ཡོད།

 གཉིས། སློབ་གྲྭས་སློབ་མ་སློབ་གསེང་སྐབས་སློབ་ཁང་ནས་ཕྱིར་བུད་ནས་བྱ་འགུལ་སྤེལ་བར་བཀག་འགོག་བྱེད་མི་ཆོག 

བསམ་འཆར་མ་ཟིན་ནང་། ནར་མ་སོན་པའི་བྱིས་པའི་ངལ་གསོའི་དུས་ཚོད་འགན་སྲུང་བྱ་དགོས། སློབ་གྲྭས་གཏན་འཁེལ་བྱས་པའི་སློབ་ཁྲིད་ཀྱི་དུས་ཚོད་སྔོན་དུ་སློབ་གྲྭར་ཡོང་ནས་གཅིག་གྱུར་གྱི་སློབ་ཁྲིད་ལ་ཞུགས་དགོས་པའི་རེ་བ་འདོན་མི་ཆོག་པ་དང་། སློབ་མའི་སློབ་གསེང་སྐབས་སློབ་ཁང་ནས་ཕྱིར་བུད་ནས་བྱ་འགུལ་སྤེལ་བར་བཀག་འགོག་བྱེད་མི་ཆོག  འོས་འགན་སློབ་གསོའི་སློབ་གྲྭས་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་དང་གུང་གསེང་ཉིན་མོ། དབྱར་གནང་དགུན་གནང་སོགས་ཀྱི་སྐབས་དང་བསྟུན་ནས་སློབ་མ་རྩ་འཛུགས་བྱས་ཏེ་མཉམ་དུ་གསབ་ཁྲིད་བྱས་མི་ཆོག མཉམ་དུ་གསབ་ཁྲིད་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་སློབ་མའི་ངལ་གསོའི་དུས་ཚོད་བེད་སྤྱོད་བྱེད་མི་ཆོག 

གསུམ། སློབ་གྲྭས་སློབ་མའི་དངོས་ཟོག་གནས་སྐབས་ཀྱི་བཀག་ཉར་བྱེད་པར་སློབ་སྐབས་གཅིག་ལས་བརྒལ་མི་ཆོག

རྒྱུ་ནོར་གྱི་ཁེ་དབང་སྲུང་སྐྱོབ་ཕྱོགས་ནས། སློབ་གྲྭས་སློབ་མའི་རྒྱུ་ནོར་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། རྒྱུ་ནོར་ལ་གཏོར་བརླག་བྱེད་པའི་རྣམ་པ་སྤྱད་དེ་སློབ་མར་སློབ་གསོ་གཏོང་བ་དང་དོ་དམ་བྱེད་མི་ཆོག དོ་དམ་གྱི་དགོས་མཁོའི་དབང་གིས་སློབ་མའི་དངོས་རྫས་གནས་སྐབས་ཀྱི་བཀག་ཉར་བྱེད་དགོས་ཚེ། ཤུགས་རྐྱེན་སེལ་རྗེས་སློབ་མའམ་ཡང་ན་དེའི་ཁྱིམ་བདག་ལ་ཕྱིར་སྤྲོད་པ་དང་། གནས་སྐབས་ཀྱི་བཀག་ཉར་བྱེད་པའི་དུས་ཚོད་ཟླ་གཅིག་ལས་བརྒལ་ཚེ་ཁྱིམ་བདག་ལ་བརྡ་གཏོང་དགོས། གནས་སྐབས་ཀྱི་བཀག་ཉར་བྱེད་པའི་དུས་ཚོད་ཆེས་རིང་ན་སློབ་སྐབས་གཅིག་ལས་བརྒལ་མི་ཆོག 

  བཞི། སློབ་གྲྭས་གཏན་འཁེལ་བྱས་པའི་སྒྲིག་ལམ་དང་འགལ་ནས་སློབ་མར་དངུལ་བསྡུ་ལེན་བྱས་མི་ཆོག

སློབ་གྲྭས་གཏན་འཁེལ་བྱས་པའི་སྒྲིག་ལམ་དང་འགལ་ཏེ་སློབ་མའི་ལག་ནས་སློབ་ཡོན་བསྡུ་མི་ཆོག་པ་དང་། སློབ་མར་བཙན་ཤེད་ཀྱི་རེ་བ་འདོན་པའམ་ཡང་ན་ཆ་རྐྱེན་བཀོད་སྒྲིག་བྱས་ཏེ་སློབ་མ་དང་ཁྱིམ་བདག་ལ་དངོས་པོ་ཞལ་འདེབས་སུ་འབུལ་དུ་འཇུག་པ། ཚོང་ཟོག་གམ་ཞབས་ཞུ་ཉོ་སྒྲུབ་བྱེད་པའམ་ཡང་ན་ཁྱིམ་བདག་ལ་དངོས་པོའི་རོགས་རམ་དང་འགྲོ་གྲོན་གཏོང་དགོས་པའི་ཞབས་ཞུ་སོགས་མཁོ་འདོན་བྱ་རྒྱུའི་རེ་བ་འདོན་མི་ཆོག་ཅེས་མ་ཟིན་ལས་མངོན་གསལ་གྱིས་གཏན་འཁེལ་བྱས་ཡོད། 

 ལྔ། སློབ་མས་ལག་ཁྱེར་ཁ་པར་སློབ་གྲྭའི་ནང་དུ་འཁྱེར་མི་ཆོག

དྲ་རྒྱའི་དོ་དམ་ལ་དམིགས་ནས། བསམ་འཆར་མ་ཟིན་ནང་སློབ་གྲྭས་སློབ་མས་ལག་ཁྱེར་ཁ་པར་སོགས་རིག་ནུས་ཐོན་རྫས་སློབ་གྲྭའི་ནང་དུ་འཁྱེར་ཡོང་ནས་བེད་སྤྱོད་བྱེད་པ་བཀག་འགོག་བྱ་དགོས་པ་དང་། འཁྱེར་ཆོག་པའི་རིགས་ལ་གཅིག་གྱུར་སྒོས་དོ་དམ་བྱས་ནས་སློབ་ཁང་ནང་འཁྱེར་བར་གཏན་འགོག་བྱ་དགོས་ཞེས་བསྟན།

 དྲུག དགེ་རྒན་དང་ལས་བཟོ་བས་ལས་གནས་བེད་སྤྱད་དེ་ཚུལ་དང་མི་མཐུན་པའི་ཁེ་ཕན་བླངས་མི་ཆོག

བསམ་འཆར་མ་ཟིན་ནང་དགེ་རྒན་གྱི་དོ་དམ་ཐད་ལའང་བླང་བྱ་མངོན་གསལ་བཏོན་ཡོད། སློབ་གྲྭས་དགེ་རྒན་དང་ལས་བཟོ་བར་དོ་དམ་དང་ལྟ་སྐུལ་བྱ་དགོས་པར་མ་ཟད། དགེ་རྒན་དང་ལས་བཟོ་བས་ལས་གནས་བེད་སྤྱད་དེ་རྣམ་པ་གང་རུང་གིས་སློབ་མ་དང་ཁྱིམ་བདག་གི་ལག་ནས་རྒྱུ་དངོས་སློང་བ་དང་ལེན་པ། ཡང་ན་མགྲོན་འབོད་དང་ལེན་བྱ་མི་ཆོག་པ་དང་། སློབ་མར་དཔེ་ཆ་ཉོ་བར་རེ་བ་འདོན་པའམ་དམིགས་འཛུགས་སྒོས་གཉེར་སྐྱོང་རང་བཞིན་གྱི་དྲ་ཚིགས་སུ་ཞུགས་པར་འཇམ་ཁྲིད་དང་རྩ་འཛུགས། ཡང་ན་རེ་བ་འདོན་པ་སོགས་བྱས་ཏེ་ཐད་གཏོང་དང་དྲ་ཐོག་གི་དངོས་ཟོག་ཉོ་བ་སོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག

  བདུན། སློབ་མར་བརྙས་བཅོས་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་གུ་ཡངས་གཏན་ནས་མི་གཏོང་བའི་ཐག་གཅོད་ལམ་ལུགས་འཛུགས་པ།

བསམ་འཆར་མ་ཟིན་ནང་ད་དུང་དམིགས་བསལ་སྲུང་སྐྱོང་བྱེད་པར་འབྲེལ་ཡོད་གྱི་གཏན་འཁེལ་དོན་ཚན་བརྒྱད་བཏོན་ཡོད། དེའི་ནང་བརྙས་བཅོས་སྔོན་འགོག་གི་སློབ་གསོ་དང་ལམ་ལུགས། བརྙས་བཅོས་སྔོན་འགོག བརྙས་བཅོས་ལ་དོ་སྣང་། བརྙས་བཅོས་ཐག་གཅོད། ལས་ཞུགས་འདྲི་རྩད་སོགས་འདུས་ཡོད་པ་དང་། སློབ་གྲྭས་བཅའ་ཁྲིམས་ཀྱི་གཏན་འཁེལ་དོན་འཁྱོལ་བྱས་ཏེ་སློབ་མར་བརྙས་བཅོས་བྱེད་པ་སྔོན་འགོག་ཚོད་འཛིན་བྱེད་པའི་ལམ་ལུགས་འཛུགས་པ་དང་།  སློབ་མར་བརྙས་བཅོས་དང་བཙན་གནོད་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་གུ་ཡངས་གཏན་ནས་མི་གཏོང་བའི་ཐག་གཅོད་ལམ་ལུགས་འཛུགས་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  གཞན་ཡང་། བསམ་འཆར་མ་ཟིན་ནང་དགེ་རྒན་གྱིས་ལུས་པོའི་ཆ་རྐྱེན་དང་ཁྱིམ་ཚང་གི་རྒྱབ་ལྗོངས། ཡང་ན་སློབ་སྦྱོང་གི་སྦྱངས་འབྲས་སོགས་རྐྱེན་ཀྱིས་ཉམས་ཐག་གི་གནས་བབ་ཏུ་ལྷུང་སྲིད་པའི་སློབ་མར་དོ་སྣང་བྱ་དགོས་པ་དང་། སློབ་མ་གྲོགས་མེད་ཁེར་རྐྱང་དུ་ལུས་པ་སོགས་ཀྱི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་དོ་སྣང་བྱ་དགོས་པ་བཏོན་ཡོད།

 བརྒྱད། སློབ་གྲྭས་ལས་ཞུགས་སྙན་ཞུ་དང་ཞུགས་འཐུས་འདྲི་རྩད་ལམ་ལུགས་ལག་བསྟར་ནན་མོ་བྱ་དགོས།

ལས་ཞུགས་འདྲི་རྩད་ཕྱོགས་ནས། སློབ་གྲྭས་ལས་ཞུགས་སྙན་ཞུ་དང་ཞུགས་འཐུས་འདྲི་རྩད་ལམ་ལུགས་ལག་བསྟར་ནན་མོ་བྱ་དགོས་པ་དང་། དགེ་རྒན་དང་ལས་བཟོ་བའམ་ཡང་ན་དང་བླངས་པ་དང་སྤྱི་ཚོགས་ཀྱི་ལས་བཟོ་བ་སོགས་སློབ་གྲྭའི་ཕྱིའི་མི་སྣ་བསྡུ་སྐབས། འབྲེལ་ཡོད་མི་སྣར་རང་ཉིད་ལ་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་དང་། དེ་བཞིན་ནར་མ་སོན་པའི་བྱིས་པའི་སློབ་གསོའི་ལས་དོན་སྤེལ་བར་མི་འཚམ་པའི་སྤྱོད་ཚུལ་ངན་པ་གནས་ཡོད་མེད་ཇི་མ་ཇི་བཞིན་སྙན་ཞུ་བྱེད་དགོས་པའི་བླང་བྱ་འདོན་དགོས་པར་མ་ཟད་ཁས་ལེན་ཡི་གེ་ཡང་འབྲི་དགོས། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།