2021ལོའི་དཔྱིད་དུས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4པའི་ཚེས7ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་གྱི་མགོ་ཁྲིད་དག་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་སྐྱེ་དངོས་གླིང་སྤྱང་ཚང་ལུང་བ་སྤྱི་གླིང་དུ་སོང་སྟེ།  ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དཔྱིད་དུས་ཀྱི་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་ནང་ཞུགས།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་།  རྡོ་རྗེ་རབ་བརྟན་བཅས་ཀྱིས་སྡོང་བོ་འཛུགས་པ་དང་མཉམ་དུ་མང་ཚོགས་རྣམས་དང་ཁ་བརྡ་བྱས་ཏེ་གྲོང་ཁྱེར་གྱི་ལྗང་བསྒྱུར་བྱེད་ཚད་དང་སྤྱི་གླིང་གི་ལྗང་བསྒྱུར་དོ་དམ་དང་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་དྲིས་ཤིང་།  ད་ལོ་ནི་དམངས་ཡོངས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་སྤེལ་ནས་ལོ་འཁོར40ལོན་པའི་ལོ་ཡིན་ལ།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རི་སྔོ་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་ང་རྒྱལ”དུ་བསྒྱུར་པའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཏེ།  ལྗང་བསྒྱུར་ལ་དགའ་ཞེན་དང་འཛུགས་སྐྲུན།  སྲུང་སྐྱོང་བཅས་བྱས་ནས་ལག་ལེན་དངོས་ཀྱི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དུ་བཅངས་པའི་རེ་བ་འགྲུབ་པར་བྱེད་དགོས།  རང་བྱུང་ཁམས་ལ་བརྩི་འཇོག་དང་ཚན་རིག་ལ་བརྩི་འཇོག  ཆོས་ཉིད་ལ་བརྩི་འཇོག་བཅས་བྱས་ནས་ས་རྒྱུད་བཟང་བོ་བདམས་ཏེ་འོས་འཚམ་གྱིས་སྡོང་བོ་དང་རྩྭ་སོགས་བཏབ་ནས།  མཐོ་སྒང་གི་འདེབས་འཛུགས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་པ་དང་། ལྷག་པར་དུ་འདེབས་འཛུགས་མཛོད་ཁང་བསྐྲུན་པར་ཤུགས་བསྣན་ནས།  སྡོང་བོ་དང་རྩྭ་སོགས་སྐྱེས་ཚད་ལ་ཁག་ཐེག་བྱས་ཏེ།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་ཁྱིམ་གཞི་དང་མཛེས་སྡུག་གི་མཚོ་སྔོན།  མཛེས་སྡུག་གི་ཀྲུང་གོ་བཅས་བསྐྲུན་པར་བྱས་རྗེས་འཇོག་དགོས།  ན་གཞོན་ལོ་ཆུང་དག་གིས་རྣམ་དག་གི་བསམ་པ་དང་ཉམས་འགྱུར་བཟང་བོས་རང་བྱུང་ཁམས་ལ་དགའ་ཞེན་དང་གཅེས་སྐྱོང་སོགས་བྱས་ནས་ཧུར་ཐག་གིས་སྡོང་འཛུགས་ནགས་སྐྲུན་བྱེད་པ་དང་།  ལྗང་མདོག་དང་རེ་བ།  སེམས་འདུན་བཅས་ཀྱི་ཕུགས་འདུན་བཟང་བོ་བཙུགས་ནས་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་དགོས་ཞེས་བསྟན།

ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པའི་མགོ་ཁྲིད་གཞོན་པ་ཡན་དང་ཞིང་ཆེན་དམག་ཁུལ་གྱི་མགོ་ཁྲིད། ཞིང་ཆེན་ནགས་རྩྭ་ཅུས་ལས་ཁུངས་ཀྱི་ལས་བཟོ་མི་སྣ་དང་ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོ་བ།  ན་གཞོན་གདོང་ལེན་རུ་ཁག་གི་འཐུས་མི་བཅས་ཉིན་དེའི་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་ནང་ཞུགས་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།