མཚོ་སྔོན་གྱིས་སྨན་བཅོས་ལས་ཁུངས་ལ་སྨན་བཅོས་འགན་སྲུང་ཆེད་མི114མངག་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ཅུས་ནས་རྒྱུས་ལོན་པ་ལྟར་ན། སྨན་བཅོས་འགན་སྲུང་དང་སྨན་བཅོས། ནད་པ་བཅས་བར་གྱི་འབྲེལ་བ་ལེགས་པོ་བཙུགས་ཏེ། མང་ཚོགས་ལ་དོན་དངོས་སྒྲུབ་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་ཆེད། མཚོ་སྔོན་གྱིས་སྨན་བཅོས་ལས་ཁུངས་ལ་སྨན་བཅོས་འགན་སྲུང་ཆེད་མངགས་མི་སྣ114མངག་གཏོང་བྱས་ཏེ། སྨན་བཅོས་འགན་སྲུང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རིམ་པ་དབྱེ་ནས་དོ་དམ་བྱེད་པའི་རྩ་དོན་ལྟར། སྨན་བཅོས་ཆེད་མངགས་མི་སྣ་ནི་ས་གནས་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་འགན་འཁུར་ནས་མངགས་གཏོང་བྱས་པ་ཡིན་ཞིང་། དུས་བཀག་གསོ་སྦྱོང་དང་ལས་གནས་བརྗེ་རེས་ཀྱིས་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པར་བྱ་རྒྱུ་རེད།མིག་སྔའི་བར་དུ། མཚོ་སྔོན་གྱིས་བསྡོམས་པས་གཙོ་གནད་སྨན་བཅོས་ལས་ཁུངས95ལ་སྨན་བཅོས་འགན་སྲུང་ཆེད་མངགས་མི་སྣ114མངགས་གཏོང་བྱས།

སྨན་བཅོས་ཆེད་མངགས་མི་སྣའི་འགན་འཁྲི་གཙོ་བོ་ནི་གནས་ཁེལ་སྨན་བཅོས་ལས་ཁུངས་ཀྱི་དྲིལ་བསྒྲགས་དང་། སྨན་བཅོས་འགན་སྲུང་སྲིད་ཇུས་འགྲེལ་བཤད། ཐེར་འདོན་གོང་ཞུ་དང་ལེན། སྨན་རིན་རྩིས་སྤྲོད་དང་འགྲོ་ལུགས་སྒྲུབ་པའི་ཞབས་ཞུ་སོགས་ཀྱི་གནད་དོན་མཐུན་སྦྱོར་སྒོས་ཐག་གཅོད་བྱས་ཏེ། སྨན་བཅོས་ལས་ཁུངས་ཀྱིས་སྨན་བཅོས་འགན་སྲུང་སྲིད་ཇུས་དངོས་འབེབས་དང་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་ལྟ་སྐུལ་བྱ་རྒྱུ་དེ་ཡིན།

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་སྨན་རྫས་ཞབས་ཞུ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གའོ་ཀུང་ཞ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། སྨན་བཅོས་འགན་སྲུང་ཆེད་མངགས་མི་སྣའི་མངགས་གཏོང་ལམ་ལུགས་ཁྱབ་གདལ་དུ་བཏང་བ་དེས་སྔར་ལས་ལྷག་པར་སྨན་བཅོས་འགན་སྲུང་སྡེ་ཁག་དང་སྨན་བཅོས་ལས་ཁུངས་བར་གྱི་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། སྨན་བཅོས་འགན་སྲུང་སྲིད་ཇུས་དྲིལ་སྒྲོག་དང་དངུལ་རྩའི་བེད་སྤྱོད་ལྟ་སྐུལ་ལ་ཤུགས་བསྣན་ནས། སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཀྱི་ལྟ་སྐུལ་དོ་དམ་རྣམ་པ་འཐུས་ཚང་དུ་གཏོང་ཐུབ་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།