མཚོ་སྔོན་ཞིང་ཆེན་གྱི་སྤྱི་དམངས་ཀྱི་ཚན་རིག་སྤུས་ཚད་ཆུ་ཚད་བརྟན་འཇགས་ངང་འཕར་བའི་དུས་མཚམས་སུ་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས《2020ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་དམངས་ཀྱི་ཚན་རིག་སྤུས་ཚད་བརྟག་དཔྱད་ཀྱི་མཇུག་འབྲས་གཙོ་བོ》ཁྱབ་བསྒྲགས་བྱས་ཤིང་། མཇུག་འབྲས་ལས་མངོན་པར། 2020ལོར་ཞིང་ཆེན་ཡོངས་ཀྱི་སྤྱི་དམངས་ཀྱི་ཚན་རིག་སྤུས་ཚད་ཀྱི་བསྡུར་ཚད་5.95%ཟིན་པས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཕེལ་རྒྱས་དམིགས་ཚད་ཀྱི་སྔོན་དཔག་ཚད་གཞི་ལས་བརྒལ་ཏེ། 2015ལོའི3.24%ལས་བརྒྱ་ཆའི་གྲངས2.71འཕར་བ་དང་། 2018ལོའི3.98%ལས་བརྒྱ་ཆའི་གྲངས1.97མཐོ་རུ་ཕྱིན་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་དམངས་ཀྱི་ཚན་རིག་སྤུས་ཚད་ཆུ་ཚད་བརྟན་འཇགས་ངང་འཕར་བའི་དུས་མཚམས་སུ་སླེབས་ཡོད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྲ་བརྟན་གྱི་མགོ་ཁྲིད་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་དེ་བཞིན་ཁོངས་མིའི་ལས་ཁུངས་ཀྱི་ཐུན་མོང་གི་འབད་བརྩོན་འོག  མཚོ་སྔོན་གྱི་དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་ཆུ་ཚད་ལག་བསྟར་ལས་དོན་ལ་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ནས། ཚན་རིག་ཁྱབ་གདལ་བྱ་གཞག་འཕེལ་རྒྱས་བཟང་པོ་བྱུང་ཡོད་པ་རེད། ད་ཐེངས་ཀྱི་བརྟག་དཔྱད་ནང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ཞིང་ཆེན་ཡོངས་ཀྱི་སྤྱི་དམངས་ཀྱི་ཚན་རིག་སྤུས་ཚད་ཆུ་ཚད་འཕེལ་རྒྱས་འགྲོ་ཚུལ་དང་། སྤྱི་དམངས་ལ་ཚན་རྩལ་ཆ་འཕྲིན་ཐོབ་པ་དང་ཚན་རྩལ་ཁྱབ་གདལ་ནང་ཞུགས་པའི་གནས་ཚུལ། ཚན་རྩལ་ཐད་སྤྱི་དམངས་ཀྱི་དགའ་སྣང་དང་རྣམ་འགྱུར་བཅས་དང་དེ་བཞིན་སྤྱི་དམངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འབྲེལ་ཡོད་གྲོས་གཞིར་ཚན་རིག་གི་ངོས་འཛིན་དང་བྱ་སྤྱོད་སྤེལ་བ་སོགས་ཀྱི་ཐད་ཞིབ་ཅིང་དྲང་བའི་གཞི་གྲངས་ཐོབ་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ཀྱི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་སྤྱི་དམངས་ཀྱི་ཚན་རིག་སྤུས་ཚད་ཀྱི་བསྡུར་ཚད9.3%ཟིན་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་སྤྱི་དམངས་ཀྱི་ཚན་རིག་སྤུས་ཚད་ཀྱི་བསྡུར་ཚད6.3%ཟིན་ལ། གྲོང་ཁྱེར་གཉིས་ཀྱི་སྤྱི་དམངས་ཀྱི་ཚན་རིག་སྤུས་ཚད་ཞིང་ཆེན་ཡོངས་ཀྱི་སྤྱིའི་ཆུ་ཚད་ལས་བརྒལ་ཡོད་པ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་དམངས་ཀྱི་ཚན་རིག་སྤུས་ཚད་ཀྱི་བསྡུར་ཚད་ནི་སོ་སོར5.3%དང་5.1%ཟིན་པ་དང་། སྤྱི་དམངས་ཀྱི་ཚན་རིག་སྤུས་ཚད་ཀྱི་ཆུ་ཚད་ནི5%ལས་བརྒལ་ནས་བརྟན་འཇགས་ངང་འཕར་བའི་དུས་མཚམས་སུ་སླེབས་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ4.8%ཟིན་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ4.3%ཟིན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ3.6%ཟིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ3.1%ཟིན་ཡོད་པས། སྤྱི་དམངས་ཀྱི་ཚན་རིག་སྤུས་ཚད་ཆུ་ཚད་ཀྱི་འཕེལ་རྒྱས་རྨང་གཞི་བརྟན་འཇགས་ཡིན་པའི་དུས་མཚམས་སུ་སླེབས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།