ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དངོས་བཤུས་གློག་བརྙན《མཚོ་སྔོན་ཏེ་ང་ཚོའི་རྒྱལ་ཁབ་སྤྱི་གླིང》ཞེས་པ་ཟླ4བའི་ཚེས8ཉིན་ཀྲུང་དབྱང་བརྙན་འཕྲིནCCTV-9དངོས་བཤུས་འཕྲིན་ལམ་གྱི་དགོང་མོའི་དུས་ཚོད20:00སྟེང་བརྒྱུད་གཏོང་བྱེད་རྒྱུ་རེད།
རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་མཛུབ་སྟོན་གནང་བ་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་སྣེ་ཁྲིད་དང་གསར་རྩོམ་བྱས་པའི་ལེའུ་གསུམ་ཅན་གྱི་དངོས་བཤུས་གློག་བརྙན《མཚོ་སྔོན་ཏེ་ང་ཚོའི་རྒྱལ་ཁབ་སྤྱི་གླིང》ཞེས་པ་དེ2021ལོའི་ཟླ3པར་མཚོ་སྔོན་འཁོར་སྐར་འཕྲིན་ལམ་དང་ཧྲང་ཧའེ་ཤར་ཕྱོགས་འཁོར་སྐར་འཕྲིན་ལམ། ཀྲེ་ཅང་འཁོར་སྐར་འཕྲིན་ལམ། ཧུའུ་ནན་འཁོར་སྐར་འཕྲིན་ལམ་སོགས་དང་སྨྱན་བྱད་གསར་བའི་སྟེགས་བུ་བརྒྱ་ལྷག་ནས་བརྒྱུད་གཏོང་བྱས་པར་ལས་རིགས་ཁག་གི་དོ་སྣང་ཆེན་པོ་ཐོབ་ལ། བརྒྱུད་གཏོང་གི་ཕན་འབྲས་ཀྱང་ལེགས་པོ་ཐོན། རྒྱལ་ཁབ་སྤྱི་གླིང་གི་མཛེས་ཉམས་ཀྱིས་རྒྱལ་ཡོངས་ཀྱི་ལྟད་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་ཏུ་འཕྲོགས་ནས་ཚང་མས་རྒྱལ་ཁབ་སྤྱི་གླིང་ལ་བསྟོད་བསྔགས་བྱས་ཏེ་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་བསྔགས་བརྗོད་གནང་།
རྒྱུས་ལོན་པ་ལྟར་ན། དངོས་བཤུས་གློག་བརྙན《མཚོ་སྔོན་ཏེ་ང་ཚོའི་རྒྱལ་ཁབ་སྤྱི་གླིང》དེ་རྒྱལ་ཡོངས་ཀྱི་འཁོར་སྐར་འཕྲིན་ལམ་དང་ཨའེ་ཆི་དབྱི། ཡིའུ་ཁུའུ་བརྙན་རིས། ཐིན་ཞུན་བརྙན་རིས། མང་གོTVསོགས་སྒྲ་གཟུགས་སྟེགས་བུ་ཆེ་ཁག་ནས་ད་ལོའི་ལོ་མཇུག་བར་བརྒྱུད་གཏོང་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
《མཚོ་སྔོན་ཏེ་ང་ཚོའི་རྒྱལ་ཁབ་སྤྱི་གླིང》ཞེས་པ་ཟླ4བའི་ཚེས8ཉིན་ཀྲུང་དབྱང་བརྙན་འཕྲིན་ནས་གཏོང་རྒྱུ་ཡིན་པ།