ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་འོས་སྦྱོར་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ལེགས་གཉིས་ཀྱི་འོས་སྦྱོར་བྱ་བ་བཀོད་སྒྲིག་བྱས།
བརྡ་སྦྱོར་ལས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་ལོ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མདུན་སྐྱོད་ཀྱི་བགྲོད་ལམ་གསར་པ་བཏོད་པའི་ལོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པ་བརྒྱུད་དེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་འཐབ་ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོ། བྱ་བ་སྣ་ཚོགས་ཁྲོད་བླངས་པའི་གྲུབ་འབྲས་བཟང་བོ་ལེགས་པར་ངོམ་པ་དང་། སྔོན་ཐོན་བརྩོན་ལེན་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་མདུན་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་ཁག་ཁུར་བྱེད་ཕོད་པ་དང་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
བརྡ་སྦྱོར་ལས་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་འོས་སྦྱོར་ཁྱབ་ཁོངས་དང་གྲངས་ཚད། གཞི་རྩའི་ཆ་རྐྱེན་གཏན་ཁེལ་གསལ་བོ་བྱས་པ་དང་། འོས་སྦྱོར་སྡེ་ཁག་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སུས་འོས་སྦྱོར་བྱས་ན་སུས་འགན་ཁུར་བ་རྒྱུན་འཁྱོངས་བྱེད་པ། ཏང་ཨུའི་འགོ་ཁྲིད་དང་འགག་སྲུང་ནུས་པ་འདོན་སྤེལ་བྱས་ནས། འབྲེལ་ཡོད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་གཏན་ཁེལ་བྱས་པའི་ཚད་གཞི་དང་ཆ་རྐྱེན། བརྒྱུད་རིམ་ལྟར་ངོ་སྤྲོད་བྱ་བ་བཟང་བོར་བསྒྲུབ་དགོས། ཆབ་སྲིད་ཀྱི་ཚད་གཞི་འབུར་དུ་ཐོན་པར་བྱེད་པ་དང་། དམངས་གཙོ་དར་སྤེལ་བྱེད་པ། ཕྱོགས་སོ་སོའི་གྲོས་གཞི་ལ་ཉན་པ། སྔོན་ཐོན་རང་བཞིན་དང་འཐུས་ཚབ་རང་བཞིན། དུས་སྐབས་རང་བཞིན་མངོན་པར་བྱེད་དགོས། བྱ་བའི་སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་། མང་ཚོགས་ཀྱི་ཞུ་གཏུག་དང་ལེན་བྱས་ཏེ། འོས་སྦྱོར་བྱ་བ་ཚད་དང་ལྡན་པ་དང་སྤྱོད་གཙང་སྲོལ་བཟང་ཡིན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་འོས་སྦྱོར་བྱ་བ་བཀོད་སྒྲིག་བྱས།