ཝང་ལིས་མེན་གྱིས་དུར་མཆོད་དུས་ཆེན་སྐབས་ཀྱི་ལས་གནས་བརྟན་སྲུང་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་སྔ་གཞུག་ཏུ་ཞིང་ཆེན་ཏང་ཨུའི་སྤྱིའི་ལས་རེས་ཁང་དང་ཞིང་ཆེན་སྲིད་གཞུང་གི་སྤྱིའི་ལས་རེས་ཁང་། ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་ཕྱོགས་བསྡུས་མཐུན་སྦྱོར་ཚན་ཁག  ཞིང་ཆེན་མཁོ་བསྟུན་འཕྲལ་སྒྲུབ་དོ་དམ་ཐིན་གྱི་འཕྲལ་སྒྲུབ་བཀོད་འདོམས་ལྟེ་གནས་བཅས་སུ་སོང་ནས། ས་ཁུལ་དང་སྡེ་ཁག་རེ་འགའི་དུས་ཆེན་སྐབས་ཀྱི་ལས་རེས་པའི་རྣམ་པར་འཐེན་ཞིབ་བྱས་པ་དང་། ལམ་ཀྱི་རིམ་པ་གཙོ་བོ་ཁག་ཅིག་གི་བརྙན་རིས་ལྟ་སྐུལ་ཚོད་འཛིན་ལ་བལྟས་པར་མ་ཟད། མཁོ་བསྟུན་འཕྲལ་སྒྲུབ་དོ་དམ་ཐིན་བཀོད་འདོམས་ལྟེ་གནས་ཀྱི་དུར་མཆོད་དུས་སྐབས་ཀྱི་བདེ་འཇགས་འགོག་སྲུང་བྱ་བའི་བརྙན་རིས་བཀོད་གཏོང་ཚོགས་འདུར་ཞུགས།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་བསམ་བློའི་ངོས་ཟིན་སྔར་ལས་མཐོར་འདེགས་གཏོང་རྒྱུ་དང་ལས་རེས་པའི་དོ་དམ་བྱ་བ་དམ་པོར་འཛིན་པ། ལས་གནས་སྟེང་གི་འགན་ནུས་ལག་བསྟར་ནན་མོ་བྱེད་པ། ཆ་འཕྲིན་དུས་ལྟར་འདོན་སྤྲོད་བྱེད་པ། དུས་ཆེན་གྱི་ལས་རེས་བྱ་བ་ཚད་ལྡན་ཅན་དང་གོ་རིམ་ཅན་དུ་འགྱུར་བར་འགན་ལེན་བྱེད་པ། འོས་འགན་ནན་བཅག་དང་རིམས་ནད་འགོག་སྡོམ་བྱ་བར་ལྷོད་གཡེང་གཏན་ནས་བྱེད་མི་རུང་བ། མི་ཚོགས་དང་འདུ་གནས་གཙོ་བོའི་དོ་དམ་བྱ་བར་ཤུགས་སྣོན་པ། འགོག་སྨན་རྒྱག་པའི་བྱ་བ་གོ་རིམ་ལྡན་པའི་ངང་བཟང་བོར་སྒྲུབ་པ། ཉེན་ཟོན་མཐོར་འདེགས་བྱེད་པ། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་བཟང་བོར་སྒྲུབ་པ། གོམ་གང་མདུན་སྤོས་སྒོས་ཉེན་ཁ་འཚོལ་བཤེར་བྱེད་པ། རང་བདག་འགན་འཁྲི་ཇེ་དམ་དུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་འབྱུང་ཚད་ཇེ་ཉུང་དུ་གཏོང་བ། ཁངས་ཆར་འདྲེས་མའི་གནམ་གཤིས་ལ་ཁ་གཏད་གང་ལེགས་འཇལ་བ། གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཤུགས་ཆེན་བྱེད་པ། ཁངས་ཆར་འདྲེས་མ་འབབ་པའི་སྐབས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ། རྒྱ་ཆེ་བའི་མང་ཚོགས་ཀྱི་འགྲོ་འདུག་བདེ་འཇགས་ལ་འགན་ལེན་བྱེད་པ། འདུ་ར་གཙོ་བོའི་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་པ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་བཅས་ལ་འབད་མཐར། བདེ་འཇགས་ལ་སྲུང་སྐྱོབ་དང་འགལ་རྐྱེན་ཅི་རིགས་སེལ་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།