མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟི་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཟབ་སྤེལ་བྱེད་པའི་གྲོས་མཐུན་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟི་གཉིས་ཀྱིས་ཟི་ལིང་ནས་འཐབ་ཇུས་མཉམ་ལས་ཟབ་སྤེལ་བྱེད་པའི་གྲོས་མཐུན་བཀོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གྲོས་མཐུན་འགོད་པར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དང་ཧྭ་ཝེ་ཀུང་ཟིའི་མཐོ་རིམ་སྤྱི་འདོམས་གཞོན་པ། ཀྲུང་གོ་ཁུལ་གྱི་སྤྱི་འདོམས་ལུའུ་ཡུང་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་གྲོས་མཐུན་བཀོད། གྲོས་མཐུན་མ་བཀོད་པའི་སྔོན་དུ། ཞིན་ཁྲང་ཞིང་དང་ཝང་ལིས་མེན་གཉིས་ཀྱིས་ལུའུ་ཡུང་སོགས་ལ་ཐུག་འཕྲད་བྱས།

དུས་ཡུན་རིང་བོར། ཧྭ་ཝེ་ཀུང་ཟི་མཚོ་སྔོན་གྱི་ཆ་འཕྲིན་ཅན་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཞུགས། 2018ལོའི་ཟླ་བཅུ་གཉིས་པར་ཞིང་ཆེན་སྲིད་གཞུང་དང་ཧྭ་ཝེ་ཀུང་ཟི་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་རྗེས། ཐེངས་འདིར་ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཟབ་སྤེལ་བྱེད་པའི་གྲོས་མཐུན་བཀོད་པ་དང་། དེའི་དམིགས་འབེན་ནི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་རྒྱལ་བྱེད་རྒྱུ་དེ་ཡིན། ཕྱོགས་གཉིས་ཀྱིས་མཉམ་དུ་ཁྱད་ལྡན་ཐོན་ལས་དར་སྤེལ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ། གཞི་གྲངས་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་སོགས་ལ་དམིགས་ནས་ཁྱོན་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་རེད།

ཐུག་འཕྲད་ཁྲོད། ཞིན་ཁྲང་ཞིང་གིས་ལུའུ་ཡུང་སོགས་ལ་དགའ་བསུ་ཞུས་པ་དང་། ཧྭ་ཝེ་ཀུང་ཟིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཧྭ་ཝེ་ཀུང་ཟི་ནི་འཛམ་གླིང་ཡོངས་ཀྱི་སྔོན་ཐོན་གྱི་ཆ་འཕྲིན་དང་འཕྲིན་གཏོང་རྨང་གཞི་སྒྲིག་ཆས། རིག་ནུས་མཐའ་སྣེ་མཁོ་འདོན་ཁེ་ལས་ཡིན་པ་དང་། མཚོ་སྔོན་གྱི་གཞི་གྲངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པ། གཞི་གྲངས་ལྟེ་གནས་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་ནས་གྲུབ་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པ་དང་། གྲུབ་འབྲས་ཅུང་བཟང་བོ་བླངས་ཡོད། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མཐུན་འགོ་ཚུགས་ས་གསར་བ་རུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། མིག་རྒྱ་སྔར་ལས་རིང་བོས་ཁྱབ་ཁོངས་སྔར་ལས་རྒྱ་ཆེན་པོ་དང་རིམ་པ་སྔར་ལས་མང་ས་ནས་དངོས་གཉེར་གྱི་མཉམ་ལས་སྤེལ་བ་དང་། ཐཱན་ཉུང་གཏོང་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་སྐྱེད་འཚོ་བའི་རྣམ་པ་ལྗང་མདོག་ཚུལ་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བ། ཐཱན་བསྡུས་ནུས་པ་མཐོར་འདེགས་བཏང་སྟེ། ཕྱོགས་གཉིས་ཀྱིས་མཉམ་ལས་ཁྲོད་གྲུབ་འབྲས་སྔར་ལས་གཡུར་དུ་ཟ་བ་ལེན་ཐུབ་པར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། བརྗེ་རེས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།

ལུའུ་ཡུང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཧྭ་ཝེའི་མཚོ་སྔོན་གྱི་ལས་སྒོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་། ཁོས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་གོ་གནས་ཧ་ཅང་གལ་ཆེ་བ་དང་། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་སོང་བ་ཧ་ཅང་མགྱོགས་ལ། ཐེངས་མང་པོར་དག་གཙང་ནུས་ཁུངས་ཀྱི་རྒྱུན་མཐུད་གློག་འདོན་ཐད་ནས་འཛམ་གླིང་གི་ཟིན་ཐོ་བསྐྲུན་ཡོད། ཕྱོགས་གཉིས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ནས་སྔར་ལས་རྒྱ་ཆེ་བ་དང་དངོས་གཉེར་གྱི་མཉམ་ལས་སྤེལ་ནས། ཁེ་ལས་དང་ས་གནས་གཉིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།