ཞོགས་པའི་ཉི་ཟེར་དང་པོ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་འཕྲོས་བྱུང་། ནོར་གནག་རྣམས་རྩྭ་ཆུ་འཛོམས་པའི་རྩྭ་སར་བག་ཡངས་ངང་གང་སར་རྒྱུ་བཞིན་ཡོད་ལ། དུ་སྤྲིན་སྨུག་པོ་ཞོགས་པའི་ན་བུན་དང་འདྲེས་ཏེ་ཕྱོགས་བཞིར་ཁྱབ་པས། གཅིག་སྒྲིལ་རྩྭ་ཐང་གིས་ཉིན་གསར་པ་ཞིག་བསུས་བྱུང་།
ཞོགས་པར། གཅིག་སྒྲིག་རྫོང་མཁར་དང་ཁ་བྲལ་རྗེས། རྒྱལ་ལམ་དེད་དེ་ནུབ་ལྷོའི་ཕྱོགས་སུ་སྤྱི་ལེ90ལྷག་བསྐྱོད་ཅིང་། དེ་ནས་མཚོ་ངོས་ལས་མཐོ་ཚད་ལ་སྨི4000ཡན་ཡོད་པའི་ཉག་ག་དེ་བརྒལ་རྗེས།ང་ཚོ་ཐེངས་འདིའི་འགྲུལ་བཞུད་ཀྱི་དམིགས་སའི་ཡུལ་ཏེ།དཔལ་ཡུལ་ཞང་ཁོ་སག་སྡེ་བར་ཐོན།
ཁོ་སག་སྡེ་བའི་ས་བབ་མཐོ་ཞིང་། གནམ་གཤིས་ཤིན་ཏུ་འཁྱག་ལ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། ཕྱུགས་ལས་ནི་ས་དེའི་ཐོན་ལས་གཙོ་བོ་རེད། སྡེ་བ་ཡོངས་ལ་དུད་ཁྱིམ198དང་མི་གྲངས842ཡོད་པའི་གྲས་སུ་ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང71དང་མི342ཡོད།
ཁང་པའི་ནང་གི་དྲོད་ཚད་ལ་ཧྲེ་ཧྲི་ཏུའུ38ཉེ་ལ་ཡོད་པའི་རྩམ་པ་ལས་སྣོན་བཟོ་གྲྭ་རུ་སོང་བ་ན། དྲོད་ལམ་ལམ་གྱི་ཚ་རླབས་ཤིག་ཚུར་འཕྱུར་འོང་། དྲོད་ཚད་མཐོ་བའི་སླ་ངའི་ནང་གི་ནས་རྡོག་རེ་རེ་དཀྲུག་པ་དང་བསྟུན་ནས་གསལ་འཇེབས་ཀྱི“ཚག་སྒྲ”བར་མེད་དུ་གྲག་འོང་།
བཟོ་གྲྭའི་འགན་འཁུར་པ་གདུགས་དཀར་སྐྱབས་ཀྱིས་བྱང་ཆ་ལྡན་པའི་ངང་འཕྲུལ་ཆས་སྤྱད་དེ་ཐོན་སྐྱེད་བྱས་པའི་རྩམ་པར་ཐུམ་རྒྱག་བཞིན་འདུག གཟུགས་གཞི་དེ་འདྲ་རིང་རྒྱུ་མེད་པའི་བོད་རིགས་ཕོ་རྒོད་དེས་ང་ཚོར་ངོ་སྤྲོད་བྱེད་རྒྱུར། བཟོ་གྲྭ་ནི2016ལོའི་ཟླ9པར་བཙུགས་ལ། འཛུགས་པའི་དམིགས་ཡུལ་ནི། ཁོ་སག་སྡེ་བའི་དབུལ་ཐར་ཕྱུག་འགྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང་རྣམས་འབྲོག་དམངས་གཞན་དག་དང་ལྷན་དུ་ཕྱུག་འགྱུར་དང་འབྱོར་འབྲིང་དུ་བསྐྱོད་ཆེད་ཡིན་ཟེར།
ལོ་འདི་འགའི་རིང་ལ། དཔལ་ཡུལ་ཞང་གིས“དངོས་གཞིའི་ཁེ་ལས+ཐོན་ལས་ལས་གཞིའི་མ་དངུལ+དབུལ་ཕོངས་ཁྱིམ་ཚང” བཅས་ཁེ་ཕན་འབྲེལ་མཐུད་ཀྱི་ནང་རྐྱེན་སྤྱད་པ་དེས། སྡེ་བའི་ཐུན་མོང་ལ་ཡོང་འབབ་གསར་པ་ཞིག་བསྐྲུན་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་ལ་ཡོང་འབབ་ཇེ་མང་དུ་གཏོང་བའི“ཁུག་དམར”བསྐྱལ་ཡོང་སྟེ། རྒྱ་ཆེའི་དབུལ་ཕོངས་མང་ཚོགས་ལ་ཁེ་ཕན་ཆེས་ཆེ་བ་ཐོབ་ཏུ་བཅུག
གདུགས་དཀར་སྐྱབས་ཀྱིས་བཤད་རྒྱུར། “སྔོན་ལ་ང་ཚོས་ཡོས་བརྔོས་རྗེས། ལས་བཟོ་བ་ཚོས་ལག་ཤེས་རྡོ་འཐག་སྤྱད་དེ་ནས་འཐག་ནས་རྩམ་པ་ཕྱིར་འཚོང་བཞིན་ཡོད། ད་ལྟ་གཙོ་བོ་ཚོང་ཟོག་མངག་ཐོ་སྤྱད་དེ་ཕྱིར་བཙོང་པ་དང་། ཆེད་དུ་དམངས་སྲིད་ཅུས་ལ་མཁོ་འདོན་བྱེད་བཞིན་ཡོད། ན་ནིང་བསྡོམས་པས་ཏུན200ལས་སྣོན་བྱས་ལ། སྐབས་ལ་ལར་མི་སྒེར་ནས་ཀྱང་ཆེད་དུ་ཉོ་རུ་ཡོང་མཁན་ཡོད་པ་རེད།”
གཞི་རྒྱ་དེ་འདྲ་ཆེ་རྒྱུ་མེད་པའི་མིག་མདུན་གྱི་ལས་སྣོན་འཁོར་ཁང་འདི། ཉེ་རིང་ཀུན་ཏུ་སྙན་གྲགས་རྒྱས་ལ“ཡིད་སྨོན་འཆོར་ས”ཞིག་ཏུ་གྱུར་པར་མ་ཟད། ལས་སྣོན་བྱས་པའི་རྩམ་པ་ནམ་རྒྱུན་ལག་ཏུ་ཡོང་དཀའ་བ་ཞིག་ཏུ་འགྱུར་རྒྱུ་ནི་བློ་ཡིད་ལས་འགོངས་པ་ཞིག་ཡིན་ངེས།
“ལས་སྣོན་མ་བྱས་སྔོན་གྱི་ནས་རྒྱ་མ་གང་ལ་སྒོར3.5ཡས་མས་ཡིན་མོད། འོན་ཀྱང་ལས་སྣོན་བྱས་རྗེས། རིན་གོང་ལྡབ་གཅིག་འཕར་འདུག ད་ལྟ་ཐོན་སྐྱེད་བྱེད་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས། ཡོང་འབབ་ཀྱང་དེར་བསྟུན་གྱིས་ཇེ་མང་དུ་སོང་ལ། མི་དེ་ལས་མང་བའི་ལས་ཞུགས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ། ”
ཁོ་སག་སྡེ་བས་མཉམ་ལས་ཁང་བརྒྱུད་དེ། ནས་ཀྱི་རིན་གོང་ཚོང་ར་ལས་མཐོ་བའི་སྒོ་ནས་སྡེ་དམངས་ཀྱི་ལག་ནས་ཚུར་བསྡུས་པ་དང་། ལས་སྣོན་བྱས་རྗེས་ཆས་རྟགས་ཀྱི་རྣམ་པས་ཕྱིར་བཙོངས་ཏེ། ཁེ་སྤོགས་སྐོར་ཞིག་མ་རྐང་བཞག་པའི་བསྡུར་ཚད་ལྟར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཇེ་མང་དུ་གཏོང་བའི་ཐད་བཀོལ་བ་དང་། ཁེ་སྤོགས་ལྷག་མ་རྣམས་དབུལ་ཕོངས་ཁྱིམ་ཚང་དང་དེ་མིན་ཕལ་བའི་ཁྱིམ་ཚང་ལ་བགོ་བཞིན་ཡོད།
རྩམ་པ་འཐག་ས་རུ་ད་དུང་གནས་དེའི་ཚགས་བཙུགས་བྱང་སྒྲིག་གི་མི་ལྔ་འཁོར་ཁང་གི་ལས་བཟོ་པར་བསྡུས་ཡོད་ལ། སྐར་མ་ལྷ་མོ་ནི་དེའི་གྲས་ཀྱི་གཅིག་རེད། མོར་ཐུམ་འབུའི་ནད་བྱུང་ཡོད་སྟབས། ཉེ་ས་ནས་ཞོར་ལས་མི་བྱེད་ཐབས་མེད་ཡིན་པ་དང་། ཟླ་རེར་སྒོར2400ལྷག་གི་ཡོང་འབབ་ཡོད་པ་རེད།
སྐར་མ་ལྷ་མོས་བཤད་རྒྱུར། “ང་ནི་ནད་ཀྱི་དབང་གིས་དབུལ་བོར་གྱུར་པ་ཡིན་ལ། 2015ལོར་ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང་ལ་ངོས་འཛིན་བྱས། 2018ལོར། ང་རང་ཞང་སྲིད་གཞུང་གི་ཉེ་འགྲམ་དུ་གནས་སྤར། ཁང་པ་སྲིད་གཞུང་གིས་ལས་སྟབས་རིན་སྤྲོད་མི་དགོས། ང་རང་ད་དུང་རྩྭ་ས་དོ་དམ་པར་གྱུར་སྟབས། ལོ་རེར་སྒོར་ཁྲི་གཉིས་ལྷག་གི་ཡོང་འབབ་ཡོད། ད་ལྟ་སྡེ་བའི་དབུལ་སྐྱོར་ཐོན་ལས་ཀྱི་རྟེན་གཞི་བཙུགས་རྗེས། ང་རང་རྩམ་པ་འཐག་སའི་ལས་བཟོ་པར་ཡང་གྱུར་སྟབས། ཟླ་རེར་གླ་ཕོགས་ཡོད་ལ། ལོ་མཇུག་ལ་ཁེ་སྤོགས་བགོ་རྒྱུ་ཡང་ཡོད། ཁྱིམ་ཚང་གི་ཡོང་འབབ་བསྡོམས་པས་སྒོར་ཁྲི7ཙམ་ཡོད”ཟེར།
“གུང་ཁྲན་ཏང་བཟང་།”ཞེས་སྐར་མ་ལྷ་མོས་མཐེ་བོང་སྟོན་ཞོར་བཤད་རྒྱུར། “སྡེ་བར་བཙུགས་པའི་བཟོ་གྲྭས། ང་ལ་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་མངོན་འགྱུར་བྱེད་དུ་བཅུག་པར་མ་ཟད། སྡེ་དམངས་རྣམས་ལ་ལོ་རེར་བརྟན་འཇགས་ཀྱི་ཁེ་སྤོགས་ཐོབ་ཏུ་བཅུག དོན་བཟང་འདི་ལྟ་བུ་སྔོན་ཆད་སེམས་སུ་ཡང་དྲན་མ་མྱོང་། ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་མེད་ཚེ། ང་ཚོའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ཡོད་མི་སྲིད།”
གསར་འགོད་པས་བཅར་འདྲིའི་སྐབས་སུ་རྒྱུས་ལོན་པ་ལྟར་ན། རྩམ་པ་ལས་སྣོན་བཟོ་གྲྭས“དབུལ་སྐྱོར་ཞང་ཕན་དང་། གྲོང་གསེབ་དར་རྒྱས་སུ་གཏོང་བ།”ལ་དམ་པོར་གཞོལ་ཏེ། སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་ནས་སྔོན་དུ་བསྡུ་བ་དང་། སྔོན་དུ་ལས་སྣོན་བྱེད་པ། སྔོན་དུ་བཟོ་གྲྭར་ཚུད་དེ་ཞོར་ལས་བྱེད་པ་དང་། ཐུན་མོང་དཔལ་འབྱོར་གྱིས་སྔོན་ལ་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི“སྔོན་བྱེད་དཔེ་དབྱིབས་བཞི”ལག་བསྟར་བྱས་ཏེ།གནས་དེའི་སྡེ་དམངས་ཀྱིས་ལས་སྣོན་བྱེད་དཀའ་བ་དང་། ལས་སྣོན་གྱི་གོང་མཐོ་བའི་གནད་དོན་ཐག་བཅད།
འཕྲུལ་ཆས་ཀྱི་སྒྲ་ཡིས་ཁོ་སག་སྡེ་བའི་སྡེ་དམངས་ཀྱིས་འཚོ་བ་གསར་པར་བཅངས་པའི་རེ་བ་མངོན་དུ་བསྒྱུར་བ་སྟེ། མཉམ་ལས་ཁང་གིས་བདག་གཉེར་བྱས་པ་བརྒྱུད།རྩམ་པ་དང་རྩམ་པའི་མངར་སོབ་བག་ལེབ་སོགས་ལྷད་མེད་ཐོན་རྫས་ཀྱི་དྲི་ཞིམ་རྒྱང་རིང་ཡུལ་ལ་འཐུལ་བར་མ་ཟད། ཁོ་སག་སྡེ་བའི་སྡེ་དམངས་ཀྱི་སྒོར་ཁུག་ཀྱང་ཇེ་མཐུག་ཏུ་བཏང་།
ཁོ་སག་སྡེ་བའི་ཏང་ཀྲི་པུའ་ཧྲུའུ་ཅི་ཡིས་བཤད་རྒྱུར། “ད་ལྟ།ང་ཚོའི་རྩམ་པར་ཚོང་རའི་ནང་གཟེངས་བསྟོད་ཐོབ་སྟེ། ཚོང་བྲིན་པ་རེད། རྗེས་མར་ཐོན་སྐྱེད་གྲུབ་ཚུལ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་ཆེར་གཏོང་ཆེད།ང་ཚོས་ལས་སྣོན་ཇེ་ཞིབ་ཏུ་གཏོང་བའི་ཐོན་ལས་མུ་སྦྲེལ་འཕེལ་རྒྱས་སུ་བཏང་སྟེ། མང་ཚོགས་ལ་སྣེ་ཁྲིད་དེ་ཐོན་ལས་མུ་སྦྲེལ་རྣམ་པས་མུ་མཐུད་དུ་ཡོང་འབབ་ཇེ་མང་དུ་གཏོང་བ་དང་ཕྱུག་འགྱུར་ཀྱི་འཆར་འགོད་གསར་པ་བཟོས་ཡོད། །”
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
“དབུལ་སྐྱོར་འཁོར་ཁང”གིས་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ།