ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་བཅས་པ་སྔ་རྗེས་སུ་མཚོ་ལྷོ་ཁུལ་མང་རྫོང་སུམ་མདོ་གྲོང་རྡལ་བྱེ་སྣ་དང་། མུ་གེ་ཐང་། གུང་ཧོ་རྫོང་གི་ས་གྲུ་བཞི་ཤང་བཅས་སུ་བརྟག་ཞིབ་བྱེད་པར་བསྐྱོད་ནས། དུས་འགོའི་ནགས་ཚལ་ཞན་འགྱུར་འགོག་སྲུང་དང་། ཞིང་ཁའི་ནགས་ཚལ་འཛུགས་སྐྲུན་འགོག་སྲུང་། བྱེ་འགོག་བྱེ་བཅོས་བཅས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་།
ལིའུ་ཐའོ་ཡིས་བྱེ་འགོག་བྱེ་བཅོས་ནི་དེང་རབས་ལ་བྱས་རྗེས་འཇོག་པའི་ཕན་འབྲས་བསྐལ་བརྒྱར་ལྡན་པའི་རླབས་ཆེན་བྱ་གཞག་ཅིག་དང་། སྤྱི་ཕན་བྱ་གཞག ཡུན་རིང་བའི་བྱ་གཞག་བཅས་ཡིན་པས་རྨོ་ཞིང་སྲུང་སྐྱོང་གིས་ས་ཞིང་སྤུས་ཚད་མཐོ་རུ་གཏོང་ཐུབ་ལ་ཁོར་ཡུག་ཇེ་མཛེས་སུ་བཏང་ནས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཐུབ་པས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་ཕན་པ་ལྡན། དུས་ཡུན་རིང་པོའི་ནང་མཚོ་ལྷོ་ཁུལ་གྱིས་ཡུལ་བབ་དང་བསྟུན་པ་དང་ཕྱོགས་བསྡུས་ཇུས་བསྟར་གྱིས་ས་ཆ་བྱེ་འགྱུར་དུ་འགྲོ་བ་རིམ་བཞིན་བཀག་འགོག་བྱས་པས། གཙོ་གནད་བྱེ་ཁུལ་དུ“བྱེ་འགྱུར་མི་ཕུད”ནས“ལྗང་བསྒྱུར་བྱེ་ཕུད”ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་མོད། འོན་ཀྱང་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན་པས་ཡུན་རིང་བྱས་རྗེས་འཇོག་དགོས་པར་བསྟན།
ལིའུ་ཐའོ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་གཏིང་ཟབ་སྒོས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བྱེ་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བ། སྐྱེ་ཁམས་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་བྱེ་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གཙོ་གནད་རྣམ་གྲངས་ཀྱི་འཆར་འགོད་སྒྲིག་བཟོ་དང་རྣམ་གྲངས་འཛུགས་པ། ལག་བསྟར་བཅས་ཀྱི་བྱ་བར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་ཧུར་ཐག་གིས་ཚུད་པར་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་ནགས་ཚལ་དང་རྩྭ་ཐང་གི་སྟོབས་ཤུགས་ལ་ཤུགས་སྣོན་པ། བྱེ་འགོག་བྱེ་བཅོས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་སྣེ་ཁྲིད་དུ་བྱས་ཏེ་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་དང“བྱང་གསུམ”འགོག་སྲུང་ནགས་ཚལ་དང་དེ་བཞིན་རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་གཙོ་གནད་བཟོ་སྐྲུན་ཚན་རིག་དང་མཐུན་པའི་ངང་ལག་ལེན་ཏུ་བསྟར་ནས་སྤྱི་ཡོངས་སྲུང་སྐྱོང་དང་མ་ལག་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་ཤུགས་བསྣན་ཏེ་གྲུབ་འབྲས་ཐོབ་པར་བརྟེན་ནས། འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ཀྱིས་གཙང་གསུམ་འབྱུང་ཡུལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང“ཀྲུང་ཧྭའི་ཆུ་ལྕོག”ལ་སྲུང་སྐྱོང་བཟང་པོ་བྱེད་དགོས་པར་ནན་གྱིས་བསྟན། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ལིའུ་ཐའོ་ཡིས་མཚོ་ལྷོ་ཁུལ་གྱི་བྱེ་འགོག་བྱེ་བཅོས་ལས་དོན་ལ་བརྟག་ཞིབ་གནང་།