མཚོ་སྔོན་ཞིང་ཆེན་གྱིས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུར་སྐུལ་འདེད་ལས་དོན་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།  མཚོ་སྔོན་དུ་ཡན་ལག་ཚོགས་ར་བཙུགས་ཤིང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་ཐད་གཏོགས་དང་བླངས་ཞབས་ཞུའི་ལས་དོན་གྱི་འབྲེལ་ཡོད་སྡེ་ཁག 2020ལོའི་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི“100བཞིའི”སྔོན་ཐོན་དཔེ་མཚོན་འཐུས་མི་བཅས་ཚོགས་འདུར་ཞུགས། 

ཚོགས་འདུས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དང་བླངས་ཞབས་ཞུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། རྒྱལ་ཡོངས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་ཧུར་ཐག་བྱེད་པ། དང་བླངས་ཞབས་ཞུ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། དང་བླངས་ཞབས་ཞུའི་ལས་དོན་གྱི་གཙོ་གནད་ལས་འགན་ནན་འཛིན་བཅས་བྱས་ནས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྱོང་ལ་གཞོགས་འདེགས་ཧུར་ཐག་བྱེད་དགོས། ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་སྤུས་རྟགས་ཅན་དང་རྣམ་གྲངས་ཅན་གྱི་འཁོར་རྒྱུག་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཏང་ཨུའི་སྲིད་གཞུང་གི་ལས་ཀའི་གཙོ་གནད་དང་སྤྱི་ཚོགས་ཀྱིས་གླེང་ཕྱོགས་གནད་དོན་ལ་དོ་ཁུར་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། དང་བླངས་རིག་གནས་འོས་སྦྱོར་བྱེད་པ། བྱ་ཐབས་སྣ་ཚོགས་ཀྱིས“100བཞིའི”དཔེ་མཚོན་གྱི་བླ་ན་མེད་པའི་ཀུན་སྤྱོད་དང་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱེད་པ། དང་བླངས་ཞབས་ཞུའི་འདུ་ཤེས་སྐྱེད་སྲིང་ཤུགས་ཆེན་བྱེད་པ། སྲོལ་རྒྱུན་སྨྱན་སྦྱོར་དང་དྲ་རྒྱའི་གསར་དར་སྨྱན་སྦྱོར་སྤྱད་དེ་དང་བླངས་ཞབས་ཞུའི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་དགོས། དང་བླངས་ཞབས་ཞུའི་ཉམས་མྱོང་འོས་སྦྱོར་དང་དང་བླངས་ཞབས་ཞུའི་དགོངས་པ་འབྲེལ་བཤད། དང་བླངས་ཞབས་ཞུའི་འདུ་ཤེས་གསོ་སྐྱོང་བྱེད་དགོས། རིམ་པ་སོ་སོའི་དཔལ་ཡོན་གཞུང་དོན་ཁང་གིས་སྣེ་ཁྲིད་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཕྱོགས་སོ་སོ་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུ་དང་འབྲེལ་གཏུག་ལས་དོན་ཡག་པོ་སྒྲུབ་དགོས། ཞིང་ཆེན་རིམ་པའི་དང་བླངས་ཞབས་ཞུའི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དང་བླངས་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། །

ཚོགས་འདུའི་ཐོག ཞིང་ཆེན་ཡོངས་ཀྱི་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི“100བཞིའི”སྔོན་ཐོན་དཔེ་མཚོན་ལ་ལག་རྟགས་སྤྲད་པ་དང་། སྔོན་ཐོན་དཔེ་མཚོན་གྱི་འཐུས་མིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་གནང་། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།