《མཚོ་སྔོན་ཞིང་ཆེན་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་སྲོལ་ཡིག》དེ་རིང་ནས་དངོས་སུ་ལག་བསྟར་བྱེད་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བྱི་རིམས་སྔོན་འགོག་ཚོད་འཛིན་ནི་སྤྱི་པའི་འཕྲོད་བསྟེན་ལས་དོན་གལ་ཆེན་དང་། སྤྱི་ཚོགས་མ་ལག་བཟོ་སྐྲུན་ལས་དོན་ཞིག་ཡིན་པས། བྱི་རིམས་སྔོན་འགོག་ཚོད་འཛིན་སྲོལ་ཡིག་བཟོ་བ་དང་འདོན་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ཟླ3པའི་ཚེས31ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་ཉེར་བཞི་པའི་སྟེང《མཚོ་སྔོན་ཞིང་ཆེན་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་སྲོལ་ཡིག》ལ་གྲོས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། སྲོལ་ཡིག་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དེས་བྱི་རིམས་བྱུང་བ་དང་མཆེད་པར་སྔོན་འགོག་ཚོད་འཛིན་བྱེད་པར་ནུས་པ་ལྡན་ལ། མིའི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཡོང་བར་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

སྲོལ་ཡིག་འདིར་ཁྱོན་བསྡོམས་པས་དོན་ཚན་སོ་བརྒྱད་ཡོད་ཅིང་། དོན་ཚན་གྱི་གྲུབ་ཆས་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་སྲིད་གཞུང་གི་འགན་འཁྲི་དང་། སྡེ་ཁག་གི་འགན་འཁྲི། མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་འཛུགས་སྐྱོང་། རིམས་ནད་གཏན་འཁེལ་སྡེ་ཁག་སོགས་ཀྱི་ནང་དོན་ལ་གཏན་འབེབས་ཁ་གསལ་བྱས་པ་དང་བྱི་རིམས་སྔོན་འགོག་ཚོད་འཛིན་ལས་དོན་སྔར་ལས་ཡག་པོ་བསྒྲུབ་པར་ཚད་གཞི་བཟོས་ཏེ། ཁྲིམས་ལྟར་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པར་ནུས་པ་ལྡན་པའི་སྒོ་ནས་ཁྲིམས་ཀྱིས་སྐྱོང་བར་འགན་ལེན་བྱས་ཡོད་པ་རེད།

སྲོལ་ཡིག་ནང་ཁྲིམས་འགལ་ངང་རྔོན་རྒྱག་པ་དང་གསོ་ཚགས་བྱེད་པ། ལྟོ་ལྡུད་པ། ལས་སྣོན། སྐྱེལ་འདྲེན། ཉར་ཚགས། ཉོ་ཚོང་སོགས་བྱེད་མི་ཆོག་ལ། འཕྱི་བ་སོགས་བྱི་རིམས་ཀྱི་རིམས་ནད་འབྱུང་སའི་སྲོག་ཆགས་དང་དེའི་བཟོས་ཐོན་རྫས་འགྲེམས་སྟོན་བཅས་བྱེད་མི་ཆོག་པ་མ་ཟད། སྲོལ་ཡིག་ནང་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་ངམ་ཡང་ན་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཀྱི་སྡེ་ཁག་གིས་འགན་འཁྲི་ཁག་བགོས་གཞིར་བཟུང་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་རྒྱ་གཏོང་བ་དང་སྦྲགས། ཉེས་པའི་ཚབས་ཆེ་ཆུང་ལ་གཞིགས་ནས་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཁྲི་གསུམ་མན་གྱི་དངུལ་ཆད་གཅོད་དགོས་པ་གཏན་འབེབས་ཁ་གསལ་བྱས་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། སྲོལ་ཡིག་བདེ་བླག་ངང་འདོན་པར་ཁག་ཐེག་བྱ་ཆེད། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་འཛུགས་བརྒྱུད་རིམ་ཁྲོད་ལས་ཆོད་ལ་མཐོང་ཆེན་དང་སྤུས་ཚད་ལ་མཐོང་ཆེན་བྱེད་དགོས་ལ། ཞིང་ཆེན་གཞན་གྱི་ཕན་ཡོད་ཉམས་མྱོང་དཔྱད་གཞིར་བཟུང་ཡོད་པ་མ་ཟད། རང་ཞིང་གིས་བཏོན་པའི་འབྲེལ་ཡོད་སྲིད་ཇུས་ཀྱང་བསྡུ་ལེན་བྱས་ཡོད། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྤྱིའི་བླང་བྱ་དོན་འཁྱོལ་དང་། མཚོ་སྔོན་ཞིང་ཆེན་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དང་ཁྱད་ཆོས་ལའང་ལྟ་རྟོག་བྱས་ནས་སྲོལ་ཡིག་གི་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལ་འགན་ལེན་བྱས་ཡོད།

སྲོལ་ཡིག་འདི་ནི2021ལོའི་ཟླ4པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།