ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས29ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་མར་ལེབ་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ཀྱིས་ཆ་འཕྲིན་སྤེལ་བ་ལྟར་ན། དམར་ཕྱིའི་འོད་ཟེར་པར་ཆས་ཀྱིས་དྲེད་མོང་ཞིག་དགུན་ཁའི་ཕྱུགས་རར་འཛུལ་བའི་བརྙན་རིས་ཞིག་བླངས་འདུག
ངོ་སྤྲོད་བྱས་པ་ལྟར་ན། ས་གནས་དེའི་འབྲོག་པས་དྲེད་མོང་ཞིག་མི་མེད་དགུན་ཁའི་ཕྱུགས་རར་འཛུལ་བའི་གནས་ཚུལ་ཐོས་རྗེས། མྱུར་དུ་དམར་ཕྱིའི་འོད་ཟེར་པར་ཆས་བཙུགས་ནས། དྲེད་མོང་ཕྱུགས་རར་འཛུལ་ནས་བྱ་བྱེད་སྣ་ཚོགས་པར་དུ་བླངས།
ཆུ་མར་ལེབ་ཀྱི་སྐྱེ་ཁམས་ཁོར་ཡུལ་དང་རང་བྱུང་ཐོན་ཁུངས་བདག་དམ་ཅུས་ཀྱི་ཅུས་ཀྲང་དཀའ་ཐར་གྱིས་ངོ་སྤྲོད་བྱས་པ་ལྟར་ན། དྲེད་མོང་ནི་སྐམ་སའི་ཐོག་གི་གཟུགས་སྟོབས་ཆེས་ཆེ་བའི་འོ་གསོའི་སྲོག་ཆགས་ཀྱི་གྲས་ཤིག་ཡིན། དེའི་གཟུགས་པའི་རིང་ཚད་ལ་སྨི1.5ནས2.8བར་ཡོད་པ་དང་། གཟིགས་པོའི་ལྗིད་ཚད་ལ་སྟོང་ཁེ100ནས500བར་ཡོད། དེར་བརྟེན་དྲེད་མོང་གི་མགོ་ཆེ་ཞིང་སྒོར་སྒོར་ཡིན་ལ་ལུས་པོར་སྟོབས་དང་ལྡན། དགུན་ཁར། དྲེད་མོང་དགུན་ཉལ་བྱེད་དགོས་པས་ལུས་སྟེང་དུ་སྤུ་རིང་བོ་མཐུག་པོ་ཞིག་གིས་གཡོགས་ཡོད། དཔྱིད་ཀ་སླེབས་རྗེས་དྲེད་མོང་གིས་བྲག་དང་སྡོང་བོ། གྱང་ལྡེབས་སོགས་སུ་རྒྱབ་འཕུར་ནས་སྤུ་ཁུལ་མཐུག་པོ་ལྷུང་བར་བྱེད།
དཀའ་ཐར་གྱིས་ངོ་སྤྲོད་བྱེད་པར། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་གཙང་གསུམ་འབྱུང་ཡུལ་གྱི་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་འགྲངས་འབོར་ལོ་རེ་བཞིན་འཕེལ་བའི་རྣམ་པ་མངོན་པ་དང་། དྲེད་མོང་དང་སྤྱང་ཁུ་སོགས་རི་སྐྱེས་སྲོགས་ཆགས་ཀྱིས་མང་ཚོགས་ཀྱི་མི་ལུས་དང་རྒྱུ་ནོར་བརླག་པའི་དོན་རྐྱེན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ཡུལ་དེའི་དྲེད་མོང་དང་སྤྱང་ཁུའི་འགུལ་སྐྱོད་གོམས་གཤིས་ལ་གཞིགས་ནས། འབྲོག་པ་མང་ཚོགས་དང་སྐྱེ་ཁམས་བདག་སྐྱོང་བ་མཉམ་འབྲེལ་གྱིས་དྲེད་མོང་དང་སྤྱང་ཁུའི་ལྟ་ཞིབ་ནུས་ཤུགས་ཆེར་གཏོང་བ་དང་། དོན་རྐྱེན་དེ་རིགས་དུས་ཐོག་ནུས་ལྡན་ངང་འགོག་པར་འགན་ལེན་བྱེད་བཞིན་ཡོད། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
དྲེད་མོང་ཞིག་ཕྱུགས་རར་འཛུལ་པ།