མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་མཛད། 

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་སྟེང་། ལས་སྟེགས་དཔལ་འབྱོར་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཐན་རྩེར་སོན་དང་ཐན་སྙོམས་སྦྱོར་མངོན་འགྱུར་བྱེད་པའི་ཐད་ལ་འཐབ་ཇུས་བཀོད་སྒྲིག་མཛད་པ་དེས། མཚོ་སྔོན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་དང་ལྷག་པར་དུ“དཔལ་འབྱོར་གྱི་རྣམ་པ་བཞི”གསོ་སྐྱོང་དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་ཐད་ལ་གལ་ཆེ་བའི་མཛུབ་སྟོན་དོན་སྙིང་ལྡན་པས། ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་། ཡང་དག་པར་ཁོང་དུ་ཆུད་དགོས་ལ། ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་གྱིས་སྤྱི་འདོམས་སྐུལ་འདེད་ཀྱང་བྱས་ཏེ། འགན་ཁུར་བསམ་པ་མཐོན་པོ་དང་དུས་ཚོད་ཀྱིས་མིར་མི་སྒུག་པའི་བྲེལ་འཚབ་ཀྱི་འདུ་ཤེས་ཀྱིས་ལག་བསྟར་དངོས་འབེབས་ལེགས་པོར་འཛིན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་དགོས་པ་སོགས་ཀྱི་བླང་བྱ་གལ་ཆེན་བཏོན་པ་ནི་ཧྥུའུ་ཅན་ལ་བཏོན་པའི་བླང་བྱ་ཡིན་ལ། མཚོ་སྔོན་ལ་བཏོན་པའི་བླང་བྱ་ཡང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ་ཟུང་འབྲེལ་བྱེད་དགོས་ཤིང་། སྟོབས་ཤུགས་ཡོད་རྒུས་རང་ཉིད་ཀྱི་དོན་དག་ལེགས་པོར་བསྒྲུབས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་མཚོ་སྔོན་དུ་དངོས་འབེབས་བྱས་ནས་ཕན་ནུས་ཐོན་པར་བྱེད་དགོས་ཞེས་བསྟན། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་བྱ་བའི་བརྙན་ལམ་ཁ་པར་ཚོགས་འདུ་དང་ལི་ཁེ་ཆང་ཙུང་ལིའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་འཛུགས་པར་དམིགས་ནས། ངེས་པ་དོན་གྱིས་དཔྱིད་དུས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ལེགས་པོར་འཛིན་དགོས། ས་བོན་བཟང་པོ་དང་ཐབས་ལམ་ལེགས་པོ་བེད་སྤྱད་ནས་གྲངས་ཀ་འཕེལ་བ་དང་སྤུས་ཀ་མཐོར་བཏེགས་ཏེ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་མཐོར་འདེགས་དགོས། མཐོ་སྒང་གི་གནམ་གཤིས་འཁྱག་པོའི་དགེ་མཚན་བཏོན་ཏེ། རྗེས་འདེད་ཐུབ་པ་དང་གྲགས་སྐད་ཆོད་པ། བདེ་འཇགས་ལ་ཁག་ཐེག་བྱེད་ཐུབ་པའི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྐོར་ཞིག་བསྐྲུན་དགོས། རྩི་ཤིང་བཟོ་གྲྭ་དང་ཤེས་རིག་ཞིང་ལས། བྱེད་ནུས་ཟས་རིགས་བཅས་འབད་པ་ཆེན་པོས་འཚོལ་ཞིབ་བྱས་ནས། སྲོལ་རྒྱུན་ཞིང་ལས་རིམ་སྤོ་སྤོ་སྒྱུར་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། ལས་སྟེགས་དཔལ་འབྱོར་ཀྱི་རིགས་ལམ་སྤྱད་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐར་ལམ་འཚོལ་དགོས། ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་པའི་ཡོང་སྒོ་འཕར་བར་བྱས་ཏེ། ཐུན་མོང་ཕྱུག་འགྱུར་འབད་པས་མངོན་འགྱུར་བྱེད་དགོས་ཞེས་བསྟན། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྲིད་ཁྲིམས་དཔུང་སྡེར་སློབ་གསོ་དག་ཐེར་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐག་བཅད་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་སྲིད་ཁྲིམས་དཔུང་སྡེ་ལ་ཡིད་རྟོན་མཐོན་པོ་དང་ཐུགས་ཁུར་ཟབ་བཞེས་གནང་བ་མཚོན་ཡོད། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བ་མགོ་བརྩམས་པ་བརྟན་ལྷིང་དང་ལེགས་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། དྲང་བདེན་དྲང་བཞག་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། སློབ་སྟོན་དང་དག་ཐེར་མཉམ་དུ་སྤེལ་བ་བཅས་འབུར་དུ་ཐོན་པ། སློབ་གསོ་སྔོན་འགྲོ་བྱེད་པ་དང་དག་ཐེར་རྩ་གནད་དུ་འཛིན་པ། ལྟ་སྐུལ་སྟོབས་ཤུགས་སུ་ཉར་བ། སྲིད་ཇུས་ཚད་གཞིར་འཛིན་པ། ཕན་འབྲས་གལ་ཆེར་བརྩི་བ། ལམ་ལུགས་གཞི་རྩར་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། ལས་བྱེད་ཉེན་རྟོག་པ་ཡོངས་ཀྱི་བསམ་སྦྱོར་གཉིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློའི་སྟེང་གཅིག་གྱུར་བྱེད་པ། སློབ་གསོ་དག་ཐེར་གྱི་བྱ་བ་ཁག་དམ་པོ་དང་ཞིབ་ཚགས། དངོས་འབེབས་དང་ལེགས་པོ་བཅས་ཡོང་བར་འབད་དེ། ཏང་ཀྲུང་དབྱང་གིས་ཁས་ལེན་པ་དང་སྤྱི་ཚོགས་ཡོངས་ཀྱིས་ཁས་ལེན་ཐོབ་པ། རིགས་སོ་སོའི་མང་ཚོགས་ཡིད་ཚིམ་པའི་ཚད་ལྡན་རྒྱུགས་ལན་འབད་པས་སྤྲོད་པ་དང་། ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་དགོས་ཞེས་བསྟན། 

ཚོགས་ཐོག་ནས《དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གཉིས་ནུས་ལྡན་སྒོས་སྦྲེལ་མཐུད་མངོན་འགྱུར་ཡོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《2020ལོའི་ཏང་སྲོལ་སྲིད་གཙང་གཙོ་གཞི་འགན་ཁུར་དང་ལྟ་རྟོག་འགན་ཁུར་བརྟག་དཔྱད་དཔྱད་ཞིབ་གནས་ཚུལ་གྱི་བརྡ་ཁྱབ།》《2021ལོའི་དམངས་གཙོ་གྲོས་མོལ་གྲོས་གཞི་བཀོད་སྒྲིག་འཆར་གཞི་དང་། དམངས་གཙོ་ཏང་ཁག་དང་ཏང་ཁག་མེད་པའི་མི་སྣའི་གཙོ་གནད་བརྟག་དཔྱད་བརྗོད་གཞིའི་བཀོད་སྒྲིག་འཆར་གཞི》བཅས་ལ་གྲོས་ཞིབ་བྱས་པར་མ་ཟད། དོན་དག་གཞན་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།