ཁྲི་འདུ་ནས་ཡང་བསྐྱར་གཟིག་ཁྲ་མཐོང་བ།

c63d231d29edd3cc83d028aeb9876da.jpg

ཁྲི་འདུ་ནས་ཡང་བསྐྱར་གཟིག་ཁྲ་མཐོང་། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན་གྱི་ཞོགས་པར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་དམར་ཕྱིའི་འོད་ཀྱི་ལྟ་ཞིབ་མ་ལག་ལས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གཟིག་ཁྲ་མཐོང་ཡོད་པ་དང་། དེ་ནི་ན་ནིང་ཟླ3པར་གཟིག་ཁྲ་མཐོང་རྗེས་ཁྲི་འདུ་རྫོང་ཁོངས་སུ་སྲོག་ཆགས་དེའི་གཟུགས་བརྙན་ཐེངས་གཉིས་པར་མཐོང་བ་ཡིན་པ་མ་ཟད། བརྙན་ཡོལ་ཡང་ཆེས་ཆ་ཚང་ཡིན་པ་རེད།    

ཐེངས་འདིའི་དམར་ཕྱི་འོད་ཀྱི་ལྟ་ཞིབ་མ་ལག་ལས་མཐོང་བའི་གཟིག་ཁྲ་དེའི་གཟུགས་པོ་ཕྲ་ཞིང་རིང་ལ་སྟོབས་དང་ལྡན། ཆེད་མཁས་པས་དབྱེ་ཞིབ་བྱས་པ་ལྟར་ན། དེ་ནི་དར་ལ་བབས་པའི་གཟིག་ཁྲ་ཕོ་ཞིག་རེད་ཟེར། གཟིག་ཁྲ་ནི་ཁེར་སྡོད་སྲོག་ཆགས་རིགས་ཞིག་ཡིན་མོད། འོན་ཀྱང་སྐབས་འགར་ན་སོ་དར་ལ་བབས་མ་ཐག་པའི་གཟིག་ཁྲ་སྤུན་ཟླ་དང་མཉམ་དུ་དུས་ངེས་ཅན་ཞིག་ལ་མཉམ་དུ་འཚོ་བ་རོལ་གྱིན་ཡོད། ཆེད་མཁས་པས་གཟིག་ཁྲས་དྲི་མ་དང་སྐད་སྒྲ་ལ་བརྟེན་ནས་འབྲེལ་འདྲིས་བྱེད་པ་ཡིན་པས་ཁྲི་འདུ་རྫོང་ཁོངས་སུ་ད་དུང་གཟིག་ཁྲ་གཞན་གནས་སྲིད་ཅེས་བརྗོད། 

ཐེངས་འདིའི་གཟིག་ཁྲའི་བརྙན་རིས་ལེན་ཐུབ་པ་དེ་ཁྲི་འདུ་རྫོང་གིས་ཉེ་བའི་ལོ་འགའི་རིང་། དྲ་སྦྲེལ་ཚན་རིག་ལག་རྩལ་བེད་སྤྱོད་གང་ལེགས་བྱས་པ་དང་རྒྱལ་ནང་གི་རྩེར་སོན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཞིབ་འཇུག་རྩ་འཛུགས་དང་མཉམ་ལས་བྱས་པ། ཡུལ་དེའི་རོང་འབྲོག་མང་ཚོགས་ཀྱི་ས་ཁམས་ཁོར་ཡུག་གི་ཆ་རྒྱུས་འདོན་སྤེལ་གང་ལེགས་བྱས་པ་བཅས་ལ་འབྲེལ་བ་ངེས་ཅན་ཡོད། དེ་དག་ལ་བརྟེན་ནས། དམར་ཕྱི་འོད་ཀྱིས་རི་སྐྱེ་སྲོག་ཆགས་ལྟ་ཞིབ་བྱེད་པའི་ཤེས་རིག་སྟེགས་བུ་བསྐྲུན་པ་རེད། 

མིག་སྔའི་བར་དུ། ཤེས་རིག་སྟེགས་བུ་སོགས་འཛུགས་སྐྲུན་བྱས་པ་བརྒྱུད། ཁྲི་འདུ་རྫོང་ཁོངས་འབྲི་ཆུའི་རྒྱུད་དུ་བསྡོམས་པས་གཟིག་ཁྲ་དང་གསའ། སྤྱང་ཀི ཝ་དམར། རི་ཞུམ། གཡི། བྱ་རྒོད། ཤྭ་རྒྱ། གླ་བ། གནའ། ཁྲུང་ཁྲུང་སྐེ་ནག  ཐང་རྒོད་བྱི་ལ། ཤྭ་བ་མཆུ་དཀར་སོགས་རི་སྐྱེ་སྲོག་ཆགས་རིགས20ཙམ་དང་བརྙན་རིས་ཁྲི15ལྷག་བླངས་ཡོད། བརྙན་རིས་རྩ་ཆེན་དེ་དག་གིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཕུན་སུམ་ཚོགས་པའི་རྒྱུ་ཆ་ཨང་དང་པོ་འདོན་སྤྲོད་བྱས་ཡོད། འདི་ཡང་ཁྲི་འདུ་རྫོང་དུ་རི་སྐྱེ་སྐྱེ་དངོས་ཁྱུ་ཚོགས་ཕུན་སུམ་ཚོགས་པ་དང་། རི་སྐྱེ་སྲོག་ཆགས་དང་རྩི་ཤིང་གི་གྲངས་འབོར་མང་དུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པའི་དཔང་རྟགས་གཞན་ཞིག་ཀྱང་ཡིན།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།