རིག་གནས་ཡུལ་སྐོར་ཐོན་ལས་མྱུར་དུ་གྲངས་ཀ་ཅན་དུ་བསྒྱུར་བ།

སྐད་འཕྲིན་གྱི་ཁ་ཕྱེས་ན་མཚོ་སྔོན་གྱི་ལྗོངས་ཁུལ་དང་གསོལ་ཁང་། ཁྱད་ལྡན་ཟས་མཆོག་བཅས་ཀྱི་གནས་ཚུལ་དེ་མ་ཐག་ཏུ་རྒྱུས་ལོན་བྱེད་ཐུབ། ལྗོངས་ཁུལ་དུ་སོང་སྟེ་ལག་ཁྱེར་ཁ་པར་སྟེང་དུ་བལྟས་ན་ཟ་ཁང་དང་རླངས་འཁོར་འཇོག་ས་སོགས་གང་ན་ཡོད་པ་སླ་མོར་ཤེས་ཐུབ། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གི་རིག་ནུས་ཡུལ་སྐོར་གྱི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་བསྟུན་ནས། འགྲོ་ཟེར་ན་སོང་ཆོག་པའི་ཡུལ་སྐོར་དེ་སྟབས་བདེར་གྱུར་ཡོད།

གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། “སྦྲེལ་དྲ+རིག་གནས་ཡུལ་སྐོར”ལ་སྐུལ་འདེད་གཏིང་ཟབ་བྱས་པ་དང་བསྟུན་ནས། རང་ཞིང་གིས་རིག་གནས་ཁང་དང་ཡུལ་སྐོར་ལྗོངས་ཁུལ། སྐར་རིམ་གསོལ་ཁང་སོགས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཧྲག་སྡེབ་བྱས་པ་དང་། ཡུལ་སྐོར་གྱི་གཞི་གྲངས་ཆེན་མོ་དང་ཐོན་ལས་འཁོར་སྐྱོད་ཀྱི་ལྟ་ཞིབ་ཚད་ལེན། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་དོ་དམ། ལྗོངས་ཁུལ་གྱི་ཡུལ་སྐོར་པ་འཁོར་རྒྱུག་ལྟ་ཞིབ་ཚད་ལེན་སོགས་ཀྱི་དབྱེ་ཞིབ་མ་ལག་བཙུགས་པས། རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་སྡོམ་རྩིས་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དབུལ་སྐྱོར། ཡུལ་སྐོར་ལྗོངས་ཁུལ་གྱི་བེད་སྤྱོད། སྒེར་བསྐོར་ཡུལ་སྐོར་གྱི་ལམ་ཐིག་སོགས་གཞི་གྲངས་བྱེད་ནུས8ཆགས་པ་དང་། ཞིང་ཆེན་རིམ་པའི་གྲངས་ཀའི་རིག་གནས་ཡུལ་སྐོར་གཞི་གྲངས་ཆེན་མོའི་སྟེགས་བུ་ཆགས་ཡོད།

ཡུལ་སྐོར་པ་མཚོ་སྔོན་དུ་ཡོང་ནས་ཡུལ་སྐོར་བྱས་ན། ལག་ཁྱེར་ཁ་པར་ཞིག་གིས་ལྗོངས་ཁུལ་དང་དེའི་མཐའ་འཁོར་གྱི་རླངས་འཁོར་འགྲོ་ཚུལ་དང་ལམ་ཐིག་མཚམས་སྦྱོར། ལྗོངས་ཁུལ་གྱི་སྒོ་གླའི་འཛིན་བྱང་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་ཐུབ། རིག་ནུས་ཡུལ་སྐོར་འཛུགས་སྐྲུན་བྱས་པས་ཡུལ་སྐོར་པ་ལྗོངས་ཁུལ་ཕྱི་ནང་ནས་དུས་ཐོག་ཏུ་དྲ་བར་འཇུག་ཐུབ་པ་མངོན་འགྱུར་བྱས། དེ་ལས་གཞན། ཞིང་ཆེན་ནང་ཁུལ་གྱི་བཤམས་སྟོན་ཁང་དང་དྲན་རྟེན་ཁང་། རང་བྱུང་ལྗོངས་ཁུལ་སོགས་སོ་སོའི་ཤེས་ནུས་བེད་སྤྱོད་ཀྱང་རྒྱ་ཇེ་ཆེ་ནས་ཇེ་ཆེ་རེད།

མིག་སྔར། རང་ཞིང་གིས་ཁྱོན་ཡོངས་ནས་གྲངས་ཀའི་རིག་གནས་ཡུལ་སྐོར་གྱི་དྲ་རྒྱ་ཆེན་མོ་བཙུགས་ཏེ། རིག་གནས་ཡུལ་སྐོར་གྱི“སྤྲིན་སྣེ”དང་རིག་གནས་ཡུལ་སྐོར་གྱི་ཚོང་ཟོང་དྲ་སྦྲེལ། གྲངས་ཀའི་རིག་གནས་ཡུལ་སྐོར་གྱི་གཞི་གྲངས་ལྟེ་གནས་བཅས་འཛུགས་སྐྲུན་བྱས་པས། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་། རང་ཞིང་གིས་ད་རུང《མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་གྲངས་ཀའི་རིག་གནས་འཛུགས་སྐྲུན་གྱི་ལོ་ངོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི》གཏན་འབེབས་བྱས་པ་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱི་སྦྲེལ་རེས་བརྗེ་རེས་དང་མཉམ་སྐྲུན་སྤྱོད་རེས་ཀྱི་སྤྱི་པའི་གྲངས་ཀའི་རིག་གནས་ཞབས་ཞུ་དྲ་བའི་མ་ལག་བཙུགས་ཤིང་། དྲ་ཐོག་སྤྲིན་སྣེ་ཐད་གཏོང་གི་བྱེད་སྟངས་བརྒྱུད་ནས། ཧན་རྒྱལ་ཁབ་སོགས་ཀྱི་ས་ཆ་རུ་རིག་གནས་ཡུལ་སྐོར་ཐོན་ཁུངས་མཚམས་སྦྱོར་བྱས་པ་དང་རིག་གནས་བརྗེ་སྤེལ་བྱ་འགུལ་སྤེལ་ཏེ། རིག་གནས་དང་ཡུལ་སྐོར་གཏིང་ཟབ་ཏུ་འདྲེས་པར་མཉམ་དུ་སྐུལ་འདེད་བྱས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།