ཏང་ཡོན་ལས་བྱེད་པས་བློ་གཅིག་སེམས་གཅིག་གིས་དམངས་དོན་སྒྲུབ་པའི་མིག་དཔེ་ཡག་པོ་སྟོན་དགོས།

ཁྲ་འགུ་སྡེ་བ་ནི་ས་ཡོམ་གྱི་གནོད་སྐྱོན་ཐེབས་རྗེས་བསྐྱར་དུ་བསྐྲུན་པའི“སྡེ་བ་དང་པོ”ཡིན་པ་དང་། རྒྱལ་ཡོངས་ཏང་ཡོན་གྱིས་ཞལ་འདེབས་ཕུལ་ནས་བསྐྲུན་པའི་ཏང་ཡོན་བྱ་འགུལ་ཁང་ཞིག་ཡིན་པའི་ཆ་ནས། ཏང་གཤིས་སློབ་གསོ་འབུར་དུ་བཏོད་པ་དང་དྲིན་གཟོ་སློབ་གསོ་འབུར་དུ་བཏོད་དེ། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གཤིས་སློབ་གསོ་སྤེལ་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། འདི་ནི་ཏང་གཤིས་སློབ་གསོ་དང་ལེན་བྱེད་དུ་འོངས་པའི་ཡུས་ཧྲུའུ་ཁུལ་དང་གྲོང་ཁྱེར་གྱི་སྐབས་བརྗེ་འདེམ་བསྐོ་བྱས་རྗེས་ལས་འགན་གསར་དུ་ཁུར་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྣམས་རེད།

ཏང་ཡོན་ལས་བྱེད་པས་མི་དམངས་མང་ཚོགས་ཀྱི་བདེ་སྡུག་དྲོ་གྲང་སེམས་སུ་ཉར་དགོས་པར་མ་ཟད། ད་དུང་མང་ཚོགས་ལ་སེམས་ཚེགས་ཐུགས་ཁུར་གནང་བ་ཚང་མ་དོན་དངོས་ཀྱི་བྱ་སྤྱོད་ཁྲོད་ནས་མངོན་པར་མཚོན་ཏེ།མང་ཚོགས་ཀྱི་ཁེ་ཕན་དེ་གོ་གནས་གཙོ་བོའི་གྲས་སུ་འཇོག་དགོས་ཤིང་། ཁ་ཡོད་ལག་ཡོད་ཀྱིས་མང་ཚོགས་ལ་དངོས་གནས་བསམ་བློ་གཏོང་བ་དང་དོན་དག་བཟང་པོ་བསྒྲུབས་ཏེ། བློ་གཅིག་སེམས་གཅིག་གིས་དམངས་དོན་སྒྲུབ་པའི་མིག་དཔེ་ཡག་པོ་སྟོན་དགོས།

“མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་འགྲོ་བ”ནི་རང་རེའི་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་རེད། ཏང་ཡོན་ལས་བྱེད་པས་དཔོན་པོའི་སྒྲོབ་ཉམས་དོར་བ་དང་། ལུས་པོ་བསྒུར་ནས་དམན་ས་འཛིན་དགོས་ལ། ཆེ་ཚུགས་མེད་པར་འགྲོགས་བདེ་གཤིབ་བདེ་ཡིན་པ་དང་། དམངས་ལ་སྲི་ཞུ་སྒྲུབ་པའི་སྤྱི་ཞབས་པ་བྱེད་འདོད་པ། མི་དམངས་ཀྱི་དོན་དུ་བརྩོན་པའི་སྤྱོད་པ་སྐྱོང་དགོས་ལ། དུས་རྒྱུན་དུ་གཞི་རིམ་ལ་ཟབ་ཞུགས་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ནས། མང་ཚོགས་དང་མཉམ་དུ་སྙིང་གཏམ་བཤད་པ་དང་གླེང་མོལ་མང་ཙམ་བྱེད་པ། མང་ཚོགས་ཀྱི་བསམ་གཞིག་གཏོང་ས་དང་། བསམ་བློ་འཁོར་ས། སེམས་ཁྲལ་བྱེད་ས། འཁང་ར་འདོན་ས་བཅས་ལ་རྒྱུས་མངའ་ཡོད་པར་བྱས་ནས། མང་ཚོགས་ཀྱི་ཁེ་ཕན་དེ་ཡོད་ཚད་ལས་མཐོ་ས་ཞིག་ཏུ་བརྩི་དགོས། རྟག་ཏུ་མང་ཚོགས་ཀྱི་ཁྱིམ་དུ་འགྲོ་བ་དང་།རྟག་ཏུ་མང་ཚོགས་ཀྱི་ཞིང་ཁར་ཐོན་པ། རྟག་པར་མང་ཚོགས་ཀྱི་སྐྱིད་སྡུག་བསམས་ནས་ཚ་ཐབ་ལ་རེག་བཞིན་ཉལ་ས་དྲོན་པོ་ཡིན་མིན་བལྟ་བ་དང་། རྟག་ཏུ་མང་ཚོགས་ཀྱི་ལྟོགས་སྐོམ་བསམས་ནས་བཟའ་འབྲུ་སྣོད་ཁུག་ལ་བལྟ་བ། མང་ཚོགས་ཀྱི་འདོད་བློར་བརྟག་དཔྱད་ཞིབ་འཇུག་དང་། མང་ཚོགས་ཀྱི་སེམས་སྒྲར་ལེགས་པར་ཉན་ནས། མང་ཚོགས་ཀྱི་བདེ་སྡུག་མཉམ་དུ་ལོངས་སུ་སྤྱོད་པ་བཅས་བྱེད་དགོས་ལ། མང་ཚོགས་དང་བར་ཐག་ཇེ་ཉེར་བཏང་ནས། གནད་དོན་ལ་བསམ་གཞིགས་དང་ཇུས་ཐག་གཅོད་སྐབས་རང་ལུས་དངོས་སུ་ཐོན་ནས་དོན་དག་སྒྲུབ་མཁས་པོ་བྱེད་པ་དང་། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་ཅིང་། བབ་དང་བསྟུན་ཤེས་པ། རྩོད་ཉོག་གི་མདུད་པ་གྲོལ་བ། སེམས་གཏམ་གླེང་བ། འཁང་ར་དང་འཁོན་སེམས་ཞི་བར་བྱེད་པ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབས་ཏེ། དོ་སྣང་བྱེད་ས་དང་རྐང་འཛུགས་ས་དེ་མང་ཚོགས་ཀྱི་དགོས་མཁོའི་སྟེང་དུ་འཇོག་དགོས་པ་དང་།“གནད་དོན་ཆུང་ཆུང”ཁྲི་སྟོང་མང་པོ་ཐག་གཅོད་བྱེད་པར་བརྟེན་ནས། ཁྱིམ་ཚང་ཁྲི་སྟོང་མང་པོའི“སྟོབས་ཤུགས་ཆེན་པོ”གཞི་གཅིག་ཏུ་བསྡུ་ཐུབ་པར་བྱེད་དགོས། གཞུང་སྒེར་བར་དང་། དྲང་བདེན་དང་ཁེ་ཕན། ཡིན་མིན་བདེན་རྫུན། བརྩེ་དུང་བཅའ་ཁྲིམསས། གཉེན་ཉེ་འབྲེལ་བ་དྭངས་གཙང་། གྲོན་ཆུང་དང་རྒྱས་སྤྲོས། སྐྱིད་སྡུག་ཐོབ་ཤོར་བཅས་བར་གྱི་འབྲེལ་བ་ཡང་དག་པར་ཐག་གཅོད་བྱེད་དགོས་པ་ལས། ཁ་བདེ་ལྕེ་བདེ་དང་ཁ་འཇམ་བཤད་མཁས་ཀྱི་ཚིག་ཉམས་བསྟན་ནས་གཞན་དག་རང་ལ་དགའ་རུ་འཇུག་རྒྱུ་ཉུང་ཙམ་བྱེད་དགོས།

དོན་དག་ལ་ཉེན་གཡོལ་མི་བྱེད་པར་གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་ཐུབ་པ་བྱེད་དགོས། བརྩེ་སེམས་དང་འགན་འཁྲི་བཅངས་ནས་རྟག་ཏུ་མང་ཚོགས་ཁྲོད་དངོས་སུ་བསྐྱོད་པ་དང་། རང་འགུལ་ངང་མང་ཚོགས་དང་ཉེ་བར་བཅར་ཏེ་མང་ཚོགས་ཁྲོད་དངོས་གནས་འདྲེས་ཐུབ་པ་བྱས་ཚེ། ད་གཟོད་གཞི་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། ལས་དབང་གཅིག་མཐུན། སེམས་དང་སེམས་པ་སྦྲེལ་ཐུབ་ངེས་ཡིན།

“འཕགས་པས་མི་རྟག་སེམས་བཅངས་ནས། མི་སེར་རྣམས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་།”ཏང་ཡོན་ལས་བྱེད་པས་རྒྱུན་མི་ཆད་པར་མི་གཤིས་ལ་ཤུགས་སྣོན་བརྒྱབ་ནས་དཔོན་གྱི་སྤྱོད་པར་བློ་སྦྱོང་བྱེད་དགོས་ལ། བསམ་བློའི་སྤྱོད་ཚུལ་སྦྱོང་བརྡར་བྱས་ནས། ཏང་གཤིས་ལ་དོ་སྣང་དང་བྱ་སྤྱོད་ལ་གཙིགས་འཛིན། མིག་དཔེ་བྱེད་པའི་བླང་བྱ་རང་རྟོགས་སྒོས་དོན་འཁྱོལ་བྱས་ཏེ། “དཔོན་གནས་གཙོ་བོར”འཛིན་པའི་བསམ་བློ་མེད་པར་བཟོ་དགོས། དམིགས་ཡུལ་གྱི་འདུ་ཤེས་དང་མང་ཚོགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མི་དམངས་ཀྱི“ལས་བརྩོན་ཞབས་ཕྱི་པ”བྱེད་འདོད་པ། ཐོག་མཐའ་བར་གསུམ་དུ་བརྩེ་སེམས་དམངས་ལ་འཆང་བ་དང་།དབང་ཆ་དམངས་ཀྱི་དོན་དུ་བཀོལ་བ། ཁེ་ཕན་དམངས་ཀྱི་དོན་དུ་གཉེར་བ་བཅས་རྒྱུན་འཁྱོངས་བྱས་ནས། རང་རྟོགས་ངང་མི་དམངས་མང་ཚོགས་སེམས་ཁོང་གི་ཆེས་མཐོ་སར་འཇོག་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ནི་རང་གི་གཉེན་ཉེ་དང་སློབ་སྦྱོང་བྱེད་པའི་དགེ་རྒན་དང་ཞབས་འདེགས་ཞུ་ཡུལ་དུ་འཛིན་དགོས། དེ་ལྟར་བྱས་ན། ད་གཟོད་རྒྱ་ཆེའི་མི་དམངས་མང་ཚོགས་དང་སེམས་པ་འབྱོར་ཐུབ་ཅིང་། “བར་ཐག་ཅི་ཡང་མེད་པར”གཏོང་ཐུབ། བསམ་བློའི་སྟེང་གཅིག་མཐུན་དང་བྱ་སྤྱོད་ཐད་གོམ་སྟབས་གཅིག་མཚུངས་ཡིན་ན། ད་གཟོད་གཞི་ནས་མི་དམངས་མང་ཚོགས་ཀྱི“འཐད་པའི་འདེམས་ཤོག”ཐོབ་ཐུབ་པས། དངོས་གནས་མང་ཚོགས་ཀྱི་སེམས་དབུས་ནས་མི་དམངས་ཀྱི་སྤྱི་ཞབས་པའི་སྣང་བརྙན་མཐོན་པོ་བཞེངས་ཡོད་པ་ལས།“ཁ་ནས་བརྗོད་པ་ཙམ་དང་གྱང་ངོར་བཀལ་བ་ཙམ། ཚོགས་ཐོག་ནས་བཤད་པ་ཙམ”ཡེ་ནས་མིན། དེ་ལྟར་བྱས་ན། ད་གཟོད་ཚད་ཆེས་མཐོ་ས་ནས་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱེད་ཐུབ་པ་དང་། བྱ་གཞག་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ཁག་རེ་རེ་ཁྱད་དུ་བསད་ནས། གཅིག་རྗེས་གཅིག་མཐུད་ཀྱིས་རྒྱལ་ཁ་ཡང་ཡང་ལེན་ཐུབ་པ་ཡིན།

“རྒྱ་མཚོ་ཆེན་པོར་བསྐྱོད་ན་དེད་དཔོན་ལ་བརྟེན་དགོས་པ་དང་། རླུང་བསྟུན་རླབས་གཤག་བགྱིད་ན་ལས་བྱེད་པར་བརྟེན་དགོས་པ་ཡིན”ཞེས་པ་ལྟར། ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ནམ་ཡང་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་དགོས་པ་དང་། བསམ་འདུན་སྲུང་ཞིང་།འགན་འཁྲི་འཁུར་ཕོད་པ་བྱས་ནས། ཆེས་ཐོག་མའི་འགན་འཁྲི་གཏན་ནས་མི་བརྗེད་པ་དང་། མང་ཚོགས་དང་ཁ་གཏན་ནས་མི་འབྲལ་བ་བྱེད་དགོས། ཡང་དག་པའི་དབང་ཆའི་ལྟ་བ་དང་། གོ་གནས་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ་བཅས་བརྟན་པོར་བཙུགས་ནས། དྲང་གཞག་གིས་དབང་ཆ་སྤྱོད་པ་དང་ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་དོན་དུ་དབང་ཆ་སྤྱོད་ཐུབ་པ་བྱས་ཏེ། ཏང་ཡོན་ལས་བྱེད་པས་དམངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པར་གཏན་སྲུང་བྱེད་དགོས། བསྲུང་རྒྱུ་ཡོད་པ་དང་དད་མོས་ཡོད་པའི་ཐོག་ནས། དཀའ་ངལ་ལ་མི་སྐྲག་པའི“ལྡོག་སྐྱོད་པ”ཞིག་བྱེད་ཕོད་དགོས་ཤིང་། རླུང་རླབས་དྲག་པོའི་ཚོད་བགམ་ཉམས་སད་ཐེག་ཐུབ་པ་དང་། སེམས་ནང་དུ་མང་ཚོགས་ཁོ་ན་བཟུང་སྟེ་མང་ཚོགས་དང་ཁྲག་རྒྱུན་གཅིག་ཏུ་འབྲེལ་ཞིང་། རྒྱ་ཆེའི་མང་ཚོགས་དང་བསམ་བློ་ཕྱོགས་གཅིག་ཏུ་འཁོར་བ། ཕྱོགས་གནས་གཅིག་ཏུ་སྟོབས་ཤུགས་འདོན་པ་དང་། ཕྱོགས་གནས་གཅིག་ཏུ་རྔུལ་ཆུ་བཞུར་བར་བརྩོན་པ་བསྐྱེད་དགོས། “ལོ་བརྒྱ་ཕྲག་གཉིས”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་ཆེད་དུ་ཧུར་བརྩོན་འབད་འཐབ་བྱེད་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།