ཧོ་ནན་རྩྭ་ཐང་དུ་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་གྱུར་པའི་གླུ་སྐད་ལྷང་ལྷང་གྲགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ཀླུང་ཁུགས་པ་དགུ་ལྡན་གྱི་ཁུགས་པ་དང་པོར་གནས་པའི་ཧོ་ནན་སོག་རིགས་རང་སྐྱོང་རྫོང་གི་རྨ་ཁུགས་རྩྭ་ཐང་ནི། དཔེ་མཚོན་ཅན་གྱི་མཐོ་སྒང་སྤང་ལྗོངས་རང་བཞིན་གྱི་རྩྭ་སར་གཏོགས་ཤིང་། རང་བྱུང་ཡུལ་ལྗོངས་རྔམ་བརྗིད་ལྡན་པས། མི་སེམས་དབང་མེད་དུ་འགུག མཛེས་སྡུག་ལྡན་པའི་སྐྱེ་ཁམས་རྩྭ་ཐང་འདི་ནི་རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་རྟེན་གཞི་ཡིན།

ཧོ་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་ཕྱུག་སྐྱ་སྡེ་བའི་འབྲོག་པ་ཧའེ་དོན་གྲུབ་ཀྱིས་རྩྭ་ཐང་འདིའི་འགྱུར་ལྡོག་བདེན་དཔང་བྱེད་ཐུབ། “སྔོན་ཆད། ཁྱིམ་ཚང་རེར་ཡོངས་ཁྱབ་ཏུ་ནོར་ལུག་བརྒྱ་ཕྲག་དུ་མ་ཡོད་ལ། ཁྱིམ་ཚང་ཁ་ཤས་ལ་ནོར་ལུག་དེ་བས་ཀྱང་མང་། རྗེས་ནས་ཚང་མས་ནོར་ལུག་ཇེ་མང་དུ་གྱུར་ན། རྩྭ་ས་ལོ་རེ་ནས་ལོ་རེར་ཇེ་སྡུག་ཏུ་སོང་སྟེ། རྩྭ་ས་ལ་ལ་ཞིག་ས་ནག་ཐང་དུ་གྱུར། ངེད་ཚང་གི་རྩྭ་སའི་ཐོག་ནོར་ལུག60ཙམ་ཡང་འཚོ་མི་ཐུབ་པས་ཁྱིམ་ཚང་གཞན་གྱི་རྩྭ་ས་གླ་དགོས་བྱུང་། ད་ལྟ་ཇེ་བཟང་དུ་སོང་ནས་རྩྭ་ས་ཡང་སླར་གསོ་བྱུང་བ་དང་། འཚོ་བ་ཡང་ཇེ་བཟང་ནས་ཇེ་བཟང་དུ་གྱུར།”ལོ་འདི་དག་གི་འགྱུར་ལྡོག་གླེང་སྐབས། ཧའེ་དོན་གྲུབ་ལ་དགའ་སྤྲོ་དཔག་མེད་སྐྱེ་བཞིན་འདུག

“ཧོ་ནན་རྫོང་གི་རང་བྱུང་རྩྭ་སའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི66.15(ས་མུའུ་ཁྲི992.3)ཡོད། འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་ལ། སྒོ་ཕྱུགས་ཚད་ལས་བརྒལ་བ་འཚོས་སྟབས་རྩྭ་ཐང་གི་ཨ་བྲའི་གནོད་པ་ཇེ་ཆེར་གྱུར། རྩྭ་ས་ཞན་འགྱུར་ཚབས་ཆེན་བྱུང་བས། གལ་ཏེ་དུས་ལྟར་མི་ཡི་བྱེད་ཐབས་ལ་བརྟེན་ནས་ཉམས་གསོ་མ་བྱས་ན། མཐོ་སྒང་གི་རྩྭ་ས་སླར་གསོ་འབྱུང་བ་ཤིན་ཏུ་དལ།”རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧོ་ནན་སོག་རིགས་རང་སྐྱོང་རྫོང་རྩྭ་ཐང་ཕྱོགས་བསྡུས་ཆེད་ལས་རུ་ཁག་གི་རུ་གཙོ་མ་ཀི་ལིའང་གིས་དེ་ལྟར་བཤད།

ལོ་ངོ51ལྷག་གི་ལོ་རྒྱུས་ལྡན་པའི་ཧོ་ནན་སོག་རིགས་རང་སྐྱོང་རྫོང་གི་རྩྭ་ཐང་ཕྱོགས་བསྡུས་ཆེད་ལས་རུ་ཁག་གིས། ལོ་མང་པོའི་རིང་ལ་ཧོ་ནན་རྫོང་གི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིའི་རྩ་འཛུགས་ལག་བསྟར་དང་ལག་རྩལ་གཞོགས་འདེགས། རྩྭ་ཐང་གི་ལག་རྩལ་གསར་པ་དཔེ་སྟོན་དང་ཁྱབ་སྤེལ། རྩྭ་སའི་ཐོན་ཁུངས་རྟོག་ཞིབ་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན། རྩྭ་སའི་གནོད་ལྡན་སྐྱེ་དངོས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན། རྩྭ་སར་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན། རྩྭ་ཐང་མེ་འགོག རྩྭ་ཕྱུགས་དོ་མཉམ་གྱི་ལྟ་སྐུལ་དོ་དམ། རྩྭ་ཐང་ཁྲིམས་ལུགས་ཁྱབ་གདལ། ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་སོགས་ཀྱི་བྱ་བའི་འགན་ནུས་དང་དུ་བླངས་ཏེ། རྩྭ་ཐང་སྲུང་སྐྱོབ་བྱ་གཞག་ཁྲོད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་འགན་ནུས་འདོན་སྤེལ་བྱས།

མ་ཀི་ལིའང་གིས་ངོ་སྤྲོད་བྱས་དོན། “ཨ་བྲའི་གནོད་པ་འགོག་ཆེད། ང་ཚོ་དང་ས་གནས་འབྲོག་པ་ཚོས་ཨ་བྲའི་ཁུང་བུ་དེད་དེ་ཁུང་སྒོར་འགུག་གཟན་བཞག་པ་དང་། འགུག་གཟན་མི་འདང་བའི་སྐབས་སུ། འབྲོག་པ་ཚོས་ལྕི་བ་དང་རྡོ་ལེབ་ཀྱིས་བྲ་ཁུང་བཀག་པ་རེད། ལོ་འདི་དག་གི་རིང་ལ། བཅོས་སྐྱོང་གི་ཐབས་རྩལ་དེང་རབས་ཅན་དུ་འགྱུར་བཞིན་ཡོད་ལ། གྲུབ་འབྲས་ཀྱང་སྔར་ལས་ཇེ་བཟང་དུ་གྱུར། ”

རྩྭ་ཐང་ཕྱོགས་བསྡུས་ཆེད་ལས་རུ་ཁག་གི་འཚོལ་ཞིབ་ལས་གཞན། ཧོ་ནན་རྫོང་གིས་ད་དུང་གསར་གཏོད་ལྡན་པའི་སྒོ་ནས་རྫོང་རིམ་པའི་ལས་བྱེད་པའི་རྩྭ་སའི་སྐྱེ་ཁམས་བཅོས་སྐྱོང་འགན་འཁྲི་ས་ཞིང་གི་འཛུགས་སྐྲུན་སྤེལ་ཏེ། གོང་འོག་གཅིག་སྒྲིལ་གྱིས་མཉམ་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས།

ཧོ་ནན་རྫོང་ཉིན་མཐའ་གྲོང་རྡལ་གསེར་གཞུང་སྡེ་བ་རུ་གསར་འགོད་པ་རྩྭ་ཐང་སྐྱེ་ཁམས་བདག་སྐྱོང་པ་མགོན་པོ་ཚེ་བརྟན་དང་འཕྲད། ཆུང་དུས་ནས་ས་དེ་གར་འཚོ་བ་རོལ་བའི་སྐྱེ་ཁམས་བདག་སྐྱོང་པ་མགོན་པོ་ཚེ་བརྟན་གྱིས་རྩྭ་ཐང་འདིའི་འགྱུར་ལྡོག་བདེན་དཔང་བྱེད་ཐུབ། ཁོས་གསར་འགོད་པར་མཛུབ་མོ་ནང་བཀུག་གིས་རྩིས་འདི་འདྲ་ཞིག་བརྒྱབ་ཡོད་དེ།“ངེད་ཚང་གི་རྩྭ་སའི་རྒྱ་ཁྱོན་ལ་སྤྱི་ཆིང36.74(ས་མུའུ551.1)ལས་མེད་ལ། སྔོན་ཆད་ཨ་བྲ་དང་འབུའི་གནོད་འཚེ་ཐེབས་པ་དང་། སྡེ་བའི་ནང་ཁྱིམ་ཚང་རེས་ལུག་སུམ་ཅུ་ལྷག་ལས་འཚོས་མི་ཆོག་པ་གཏན་འཁེལ་བྱས་པས། ཡོང་སྒོ་ཇེ་ཉུང་དུ་གྱུར། ལོ་འདི་དག་ལ་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་བྱས་པ་བརྒྱུད། ཕྱུགས་ལས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བ་དང་། དེའི་སྟེང་ལ་རྩྭ་སའི་སྐྱེ་ཁམས་ཁ་གསབ་མ་དངུལ་དང་སྐྱེ་ཁམས་བདག་སྐྱོང་པའི་ལས་གནས་ཁ་གསབ་བཅས་ཡོད་པས། ཁྱིམ་ཚང་གང་པོའི་ལོ་གཅིག་གི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར16500ཡིན།”མགོན་པོ་ཚེ་བརྟན་གྱིས་དེ་ལྟར་བཤད།

རྩྭ་ཐང་ཕྱོགས་བསྡུས་ཆེད་ལས་རུ་ཁག་གི་ཆེད་ལས་བཅོས་སྐྱོང་ཡིན་ནའང་འདྲ། ས་གནས་མང་ཚོགས་ཧུར་ཐག་སྒོས་ཟབ་ཞུགས་བྱེད་ཚུལ་ཡིན་ནའང་འདྲ། ཚང་མས་འབད་བརྩོན་བྱས་པ་བརྒྱུད་ནས། རྩྭ་ཐང་གི་མཛེས་ལྗོངས་སླར་ཡང་མངོན་ཏེ། བུ་རབས་ཚ་རྒྱུད་རྣམས་ལ་ལུས་བདེ་སེམས་སྐྱིད་ངང་འཚོ་བ་རོལ་ཆོག་པའི་གནས་ཤིག་བཞག་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།