མདོ་བ་གྲོང་རྡལ་གྱི་རྣམ་པ་གསར་པ།

ཟླ2པའི་ཚེས25ཉིན་གྱི་ཞོགས་པར། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལང་ཞའོ་ཧྭ་ཡི་འགྲོ་རོགས་འོག རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་སྟེང་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་ཐུན་མོང་བྱ་དགའ་ཐོབ་པའི་མདོ་བ་གྲོང་རྡལ་དུ་ཆས་པ་ཡིན། མདོ་བ་གྲོང་རྡལ་ནི་ཐུན་རིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ91གིས་ཆོད་པའི་གནས་སུ་ཆགས་ཡོད་ལ།ཁ་བ་ལྷབ་ལྷུབ་ཏུ་འབབ་ཀྱིན་ཡོད་པས། རི་མགོ་རྫ་མགོ་ཐམས་ཅད་ཁ་བས་གཡོགས་ཡོད་རུང་དཔྱིད་མགོ་ཡིན་པས་ལམ་སྟེང་དུ་ཁ་བ་བབས་ནས་ཅུང་མི་འགོར་བར་ཞུ་འགྲོ་ལ། ལམ་བར་དུ་གངས་ཆགས་ཡོད་པའི་ལམ་མཚམས་ཤིག་ལ་མ་འཕྲད།

ཉིན་གུང་ཡོལ་བའི་སྐབས་སུ། ང་ཚོ་ཕྱོགས་བཞི་མཚམས་བརྒྱད་རི་བོས་བསྐོར་བའི་ལུང་པ་ཡངས་མོ་ཞིག་ཏུ་ཆགས་པའི་མདོ་བ་གྲོང་རྡལ་དུ་སླེབས། མདོ་བ་གྲོང་རྡལ་གྱི་སྲང་ལམ་ཁོད་ཡངས་ལ་ལུང་མདོ་ནས་དྲང་མོར་ལུང་ཕུག་ཏུ་བསྲིངས་ཡོད། ལམ་ངོགས་གཉིས་སུ་མཐོན་པོར་བཏེགས་པའི་གློག་སྒྲོན་རྣམས་གྲལ་ཕྲེང་བསྒྲིགས་ནས་ང་ཚོར་བསུ་མ་བྱེད་པ་དང་མཚུངས་ལ། ཟས་རིགས་དང་གྱོན་ཆས། སྣོད་ཆས་སོགས་ཀྱི་ཚོང་ཁང་སྣ་ཚོགས་དང་སྐྲ་བཞར་ཁང་། སྐམ་བཀྲུ་ཁང་། རང་འདེམ་ཚོང་ཁང་། དངུལ་ཁང་། སྣུམ་སྣོན་ས་ཚིགས་བཅས་ལམ་གྱི་གཡས་གཡོན་གཉིས་སུ་བསྟར་ཡོད་ལ། དེ་དག་མཐོང་ན་རྫོང་མཁར་ཆུང་ཆུང་ཞིག་ཏུ་སླེབས་པ་ལྟ་བུའི་ཚོར་བ་ཞིག་སྦྱིན་འོང་།

མདོ་བ་གྲོང་རྡལ་གྱི་ཀྲིན་ཀྲང་འབྲུག་རྒྱལ་མཁར་གྱི་འགྲོ་རོགས་འོག་ང་ཚོ་མདོ་བ་གྲོང་རྡལ་དུ་གནས་སྤར་ཡོད་པའི་ཁྱིམ་ཚང་འགའ་ཤས་ལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན། ཡོ་ལག་སྡེ་བའི་དཀོན་མཆོག་ཚེ་བརྟན་ཚང་གི་ར་བསྐོར་ཁོད་ཡངས་ལ་ནང་གསལ་བ་དང་། འགྲུལ་ཁང་གི་ལྕགས་ཐབ་སྟེང་ཆུ་ཁོལ་ལྷོག་ལྷོག་ཏུ་གདུ་བཞིན་ཡོད། ཁོའི་ཆུང་མ་གུ་རུ་འཚོས་མྱུར་མོར་ང་ཚོར་འོ་ཇ་དྲངས་ནས་མདུན་དུ་སྡེར་ཁ་སྣ་ཚོགས་བསྒྲིགས་བྱུང་། ཁྱིམ་བདག་དཀོན་མཆོག་ཚེ་བརྟན་ལ་ཁ་བརྡ་བྱས་པ་ན། “ལོ་དྲུག་གི་སྔོན་ལ་ངེད་ཚང་ལ་མཚོན་ན་མགོ་ན་ཁང་པ་མེད་ལ་སྒོ་ན་ཕྱུགས་ཟོག་མེད་པ་ཞིག་ཡིན། རྗེས་ནས་སྲིད་གཞུང་གིས་སྡོད་ཁང་འདི་འདྲ་བཟང་པོ་ཞིག་བྱིན་པ་དང་། རང་གིས་འགྲོ་སྒོ་སྐར་གང་ཡང་གཏོང་མ་དགོས། དེར་མ་ཟད་ང་ཚོར་རྒྱུན་པར་རོགས་སྐྱོར་བྱེད་ཀྱིན་ཡོད། ད་ལོའི་དགུན་ཁར་མཚོན་ནའང་རྡོ་སོལ་ཏུན་གཅིག་བྱིན་པ་དང་། ལོ་གསར་གྱི་ཁ་སྣོན་ལ་མི་རེར་སྒོར500དང་དེའི་ཁར་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་གི་ཁ་གསབ་བསྣན་ན་བསྡོམས་པས་སྒོར5000ཡན་ལ་སླེབས”ཞེས་མཛུབ་མོ་བཀུག་ནས་གསར་འགོད་པར་རེ་རེ་བཞིན་བརྩིས་བརྒྱབ་ནས་བཤད། “འདི་དག་ཚང་མ་ཏང་གིས་བྱིན་པ་རེད། ཏང་གི་བཀའ་དྲིན་དྲན་ན་སེམས་འགུལ་ཐེབས་པ་ཞིག་རེད”ཅེས་དཀོན་མཆོག་ཚེ་བརྟན་གྱིས་སེམས་འགུལ་ཐེབས་ནས་བཤད་པའི་སྐབས་སུ། ཁོའི་ཆུང་མ་གུ་རུ་འཚོས་ལྕགས་ཐབ་ནང་རྡོ་སོལ་འཇོག་ཞོར་དུ།“ངེད་ཚང་འབྲོག་ས་ན་ཡོད་དུས། མགོའི་ཁང་པ་ཕར་ཞོག ཁ་རྒྱབ་ཀྱང་དཀའ་བའི་སྐབས་སུ། ཏང་གི་སྲིད་ཇུས་བཟང་པོ་འདི་ཐོན་སོང”ཞེས་དགའ་སྤྲོ་རབ་ཏུ་བརྟས་ནས་བཤད།

ཀྲིན་ཀྲང་འབྲུག་རྒྱལ་མཁར་གྱིས་སྔོན་ཆད་འབྲོག་པའི་གཏན་སྡོད་ལས་གཞི་ལག་བསྟར་བྱེད་དུས་སྡེ་བ་དྲུག་པོའི་ཁྱིམ་ཚང685ལྷག་གནས་སྤར་བ་དང་། ད་ཐེངས་ཀྱི་དབུལ་སྐྱོར་གནས་སྤོར་ལས་གཞི་ལག་བསྟར་བྱེད་དུས་ཁྱིམ་ཚང660རི་མགོ་ནས་གྲོང་རྡལ་དུ་གནས་སྤར་བ་ཡིན། ཁོ་ཚང་ལ་མཚོན་ན་ཁང་པ་འདིར་སྒོར་ཁྲི་དགུ་དང་། ར་བསྐོར་དང་ལྷས་རར་སྒོར་ཁྲི་ལྔ། ད་རུང་ལྗང་བསྒྱུར་དང་སྒོ་ཁའི་ལམ། ཉི་གློག་བཅས་བསྣན་ན་ཁྱིམ་ཚང་རེར་མ་དངུལ་སྒོར་ཁྲི20ཡན་བཏང་བ་ཡིན་ཟེར།

2016ལོར། མདོ་བ་གྲོང་རྡལ་གྱི་སྡེ་བ་དྲུག་པོ་ན་བསྡོམས་པས་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང377དང་དབུལ་ཕོངས་མི་འབོར1622ཡོད་པ་དང་། ལོ་ངོ་བཞིའི་རིང་ལ། གནས་སྤོར་དབུལ་སྐྱོར་དང་ཉེན་ཁང་ཞིག་གསོ། ཐོན་ལས་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར་སོགས་ཀྱི་ལས་དོན་རབ་དང་རིམ་པ་ལོ་ངོ་བཞི་ལ་བརྩོན་པས་བསྒྲུབས་པ་བརྒྱུད། 2015ལོར་དབུལ་ཕོངས་མི་འབོར་གྱི་ཆ་སྙོམས་ཡོང་སྒོ་ལོ་རེར་སྒོར2600ཡིན་པ་ནས2019ལོར་སྒོར10013ལ་བསླེབས་ནས།མདོ་བ་གྲོང་རྡལ་གྱི་དབུལ་ཕོངས་ཚང་མ་དབུལ་ཕོངས་ལས་ཐར།

“མདོ་བ་གྲོང་རྡལ་ནི་ཐུན་རིན་གྲོང་ཁྱེར་གྱི་ཤར་ལྷོའི་མཐའ་རུ་གནས་ཡོད་ལ། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ937ཡོད་པས་ཐུན་རིན་གྲོང་ཁྱེར་གྱི་སུམ་ཆའི་གཅིག་ཟིན་ཞིང་། ས་རྒྱ་ཆེན་པོ་དེའི་སྟེང་འབྲོག་ཁྱིམ1536མ་གཏོགས་མེད་པས། མི་རབས་ནས་མི་རབས་བར་ལུང་པ་སོ་སོར་ཐར་ཐོར་དུ་གནས་ཡོད་ཅིང་། ཁྱིམ་ཚང་ཞིག་ལ་རུ་ཉུལ་དུ་འགྲོ་ན་ཉིན་ཕྱེད་ལམ་ནས་ཟད་འགྲོ་བའི་ཚད་རེད།”ཀྲིན་ཀྲང་འབྲུག་རྒྱལ་མཁར་གྱི་གདོང་ལ་སྐྱོ་ཉམས་ཤིག་ཤར་ནས་སྔོན་ཆད་ཀྱི་འབྲོག་སྡེའི་རྣམ་པ་བཤད་བྱུང་། ངས་རླངས་འཁོར་གྱི་ཤེལ་སྒོ་བརྒྱུད་ནས་ཕྱི་རོལ་དུ་བལྟས་པ་ན། གཞུང་ལམ་གྱི་འགྲམ་ངོགས་གཉིས་སུ་འབྲོག་ཁྱིམ་ཚང་མ་བར་གྱང་གཅིག་དང་སྒོ་ཁ་གཅིག སྲང་ལམ་གཅིག་ཏུ་གནས་པ་མིག་ལམ་དུ་མངོན་ཡོང་།

ལོ་ངོ་འདི་དག་གི་རིང་ལ། མདོ་བ་གྲོང་རྡལ་གྱིས་མ་དངུལ་སྒོར་དུང་ཕྱུར3.8བཏང་ནས། ཤུགས་ཡོད་རྒུས་གྲོང་རྡལ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་སྟེ། གྲོང་རྡལ་གྱི་ཕྱིའི་བཀོད་པ་ཇེ་ལེགས་སུ་བཏང་། ས་གནས་སྤྱི་ཚོགས་ཀྱི་བཅོས་སྐྱོང་ཐད་ནས་སྔོན་ཆད་ཀྱི“ཟང་ཟིང”ནས་ད་ལྟའི“བདེ་འཇགས”སུ་སོང་སྟེ་སྤྱི་ཚོགས་དང་དཔལ་འབྱོར་འཆམ་མཐུན་བརྟན་བརླིང་བྱུང་བས། གྲོང་རྡལ་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ཡིད་ཚིམས་ཚད99%ཡན་ལ་སླེབས་ཡོད།

མཁར་སྐྱ་སྡེ་བའི་བྱམས་པ་བཀྲ་ཤིས་ཚང་དུ་ཐོན་དུས། ཁོ་བཟའ་མི་ལྔ་པོ་ལྷན་དུ་འཛོམས་ཡོད་ལ། ཁོ་རྒན་རྒོན་གཉིས་ཀྱི་གདོང་ལ་སྐྱིད་མདོག་ཅིག་ཤར་འདུག “ངེད་ཚང་འབྲོག་ས་ན་ཡོད་དུས་རས་གུར་ནང་དུ་བསྡད་པ་ཡིན། ང་རང་ལོ་ངོ་མང་པོར་དགོང་མོ་ཐང་དུ་ཉལ་བས་གྲུམ་ནད་ལྗིད་མོ་ཞིག་ཕོག་པ་དང་ཆུང་མ་ལའང་གློ་ནད་བྱུང་སྟེ་འཚོ་བ་དཀའ་སྡུག་ཆེ་བའི་སྐབས་སུ། ངེད་ཚང་མཁར་སྐྱ་སྡེ་བའི་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བདམས་པ་རེད། ད་ལྟའི་ཁང་པ་འདི་རྒྱལ་ཁབ་ཀྱིས་ངེད་ཚང་ལ་ལས་པ་ཡིན་ལ། འདིར་གནས་སྤར་རྗེས་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་ངའི་གྲུམ་ནད་དང་ཆུང་མའི་གློ་ནད་ཀྱང་རིམ་གྱིས་ཇེ་དགར་སོང་ཡོད། ང་རང་མདོ་བ་གྲོང་རྡལ་གྱི་ཁོར་ཡུག་གཙང་སྦྲ་བ་དང་ཆུང་མ་གྲོང་རྡལ་སྲིད་གཞུང་གི་ཇ་མ་ཡིན། བུ་དང་མནའ་མ་གཉིས་གྲོང་རྡལ་དུ་ལས་ཀར་ཚུད་ཡོད་པ་དང་། བུ་མོས་སྐྲ་བཞར་ཁང་ཞིག་ཕྱེས་ཡོད་པས། ངེད་ཚང་ལ་མཚོན་ན་ད་ལྟ་ཁ་རྒྱབ་ལ་འདང་རྒྱག་མེད་པར་མ་ཟད། ན་ནིང་ཁྱིམ་ཚང་གི་འགྲོ་སྒོ་ཚང་མ་ཕུད་རྗེས་སྒོར་ཁྲི་བཞི་ལྷག་གསོག་འཇོག་བྱེད་རྒྱུ་ཡོད”ཟེར།

མདོ་བ་གྲོང་རྡལ་ནས་བཅར་འདྲི་མཇུག་རྫོགས་ཏེ་ཕྱིར་ལམ་ལ་ཆས་སྐབས་ཁ་བ་སྔར་བཞིན་ལྷབ་ལྷུབ་ཏུ་འབབ་བཞིན་འདུག ཐུན་རིན་གྲོང་ཁྱེར་ནས་མདོ་བ་གྲོང་རྡལ་བར་གྱི་གཞུང་ལམ་ཕྱེད་ཀ་སྣུམ་ལམ་དང་ཕྱེད་ཀ་རྡོ་ཟེགས་ཀྱི་ལམ་རེད། ཟེགས་ལམ་དེའང་སྣུམ་ལམ་གྱི་རྨང་གཞིར་བཏིངས་པ་ཡིན་ལ། ཅུང་མི་འགོར་བར་ཐུན་རིན་གྲོང་ཁྱེར་དང་མདོ་བ་གྲོང་རྡལ་བར་ལ་ནག་ཀྱུག་ཀྱུག་གི་སྣུམ་ལམ་ཞིག་ཡོད་ངེས་ལ། དེའི་སྐབས་སུ་ཐུན་རིན་གྲོང་ཁྱེར་དང་མདོ་བ་གྲོང་རྡལ་གྱི་ལམ་ཐག་ནི་དུས་ཚོད་གཅིག་ལྷག་རེད། དུས་ཚོད་གཅིག་ལྷག་གི་ལམ་ཐག་ནི་སྔོན་ཆད་ཀྱི་རུ་ཁ་ཁྱིམ་མཚེས་བར་ཉུལ་བའི་ལམ་ཐག་དེའོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།