མཚོ་སྔོན་ཞིང་ཆེན་གྱི་འདུས་འདྲིལ་གཅོང་ནད་འགོག་བཅོས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས24ཉིན་ནི“འཛམ་གླིང་གི་འདུས་འདྲིལ་གཅོང་ནད་འགོག་བཅོས་ཉིན་མོ”ཐེངས26པ་ཡིན། ད་ལོའི་རང་རྒྱལ་གྱི་དྲིལ་སྒྲོག་ཀྱི་བརྗོད་དོན་གཙོ་བོ་ནི“འདུས་འདྲིལ་གཅོང་ནད་མཇུག་སྒྲིལ་ནས་རང་མོས་བདེ་ཐང་ངང་འབྱིན་རྔུབ་བྱེད”ཅེས་པ་དེ་རེད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདུས་འདྲིལ་གཅོང་ནད་ནི་མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་ཐོག་ཚོད་འཛིན་བྱེད་པའི་འགོས་ནད་ཚབས་ཆེན་ཞིག་ཡིན། 2020ལོར་མཚོ་སྔོན་ཞིང་ཆེན་གྱིས་འདུས་འདྲིལ་གཅོང་ནད་ཀྱི་ནད་གཞི་དང་འདྲ་བའི་ནད་པ17284ལ་རིན་མི་དགོས་པར་བརྟག་དཔྱད་བྱས་པ་དང་། འདུས་འདྲིལ་གཅོང་ནད་ནད་པ5705གཏན་ཁེལ་ཐོ་འགོད་བྱས། སྙན་སེང་ཞུ་ཚད་མི་ཁྲི10ནང93.9ཟིན་ཞིང་ནད་ཕོག་ཚད2019ལོ་ལས་ཆེས་ཆེར་མར་ཆག་ཅིང་། སྨན་བཅོས་ཐུབ་ཚད95.0%ཟིན་ཏེ“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འདུས་འདྲིལ་གཅོང་ནད་འགོག་བཅོས་འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།

དུས་ཡུན་རིང་པོའི་ནང་། མཚོ་སྔོན་ཞིང་ཆེན་གྱིས་འདུས་འདྲིལ་གཅོང་ནད་ཀྱི་གནོད་འཚེ་ཇེ་ཆུང་དུ་གཏོང་རྒྱུ་དེ་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ནན་འཛིན་བྱས་ཤིང་། ཞིང་ཆེན་སྲིད་གཞུང་གིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ཡོད། “སྲིད་གཞུང་གིས་མཐོང་ཆེན་བྱེད་པ་དང་སྡེ་ཚན་གྱིས་གཞོགས་འདེགས་བྱེད་པ། སྤྱི་ཚོགས་ཡོངས་ཞུགས་པའི”འགོག་བཅོས་ལས་དོན་གྱི་ལམ་སྲོལ་དང་། འདུས་འདྲིལ་གཅོང་ནད་འགོག་བཅོས་སྒྲིག་གཞི། རིམ་པ་སོ་སོའི་རིགས་སོ་སོའི་སྨན་ཁང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་རིམ་པ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅས་རྨང་གཞི་ཡིན་པའི་འགོག་བཅོས་ཞབས་ཞུའི་མ་ལག་ཁྱོན་ཡོངས་ནས་ཆགས་པ་དང་། དམིགས་བཙུགས་སྨན་བཅོས་སྒྲིག་གཞི་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི། ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་བཅས“ཕྱོགས་གསུམ་གཞི་གཅིག”གི་འདུས་འདྲིལ་གཅོང་ནད་འགོག་བཅོས་ཞབས་ཞུའི་མ་ལག་གསར་པ་གཏན་འཇགས་བྱུང་ཡོད། འདུས་འདྲིལ་གཅོང་ནད་ནད་པ་དང་འབྲེལ་གཏུག་དམ་ཟབ་བྱེད་མཁན་ལ་ནན་འཛིན་བྱས་ཏེ་སྔ་ཙམ་ཤེས་རྟོགས་དང་སྨན་བཅོས་དོ་དམ་བྱས་ནས་ཉིང་རྡུལ་ནད་ཡམས་མཆེད་པར་ཚོད་འཛིན་ནུས་ལྡན་བྱས་ཤིང་། འདུས་འདྲིལ་གཅོང་ནད་ཀྱིས་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་བཟོས་པའི་གནོད་འཚེ་ཇེ་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། །

རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འདུས་འདྲིལ་གཅོང་ནད་ཀྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་དང་ནད་ཡམས་ཚོད་འཛིན་སྡེ་ཁག་གི་མཐུན་སྦྱོར་ལམ་སྲོལ་སྔར་བས་ཇེ་ལེགས་སུ་བཏང་ནས་སྔོན་འགོག་ཚོད་འཛིན་གྱི་མཉམ་ཤུགས་ཆགས་སུ་འཇུག་རྒྱུ་ཡིན་པ་དང་། འགོག་བཅོས་དཔུང་ཁག་བརྟན་པོ་བཙུགས་ནས་འདུས་འདྲིལ་གཅོང་ནད་ཀྱི་སྨན་བཅོས་མི་སྣའི་ནུས་པ་ཆེ་རུ་གཏོང་བ་དང་། ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེེ་རུ་གཏོང་བ་དང་ཞིབ་དཔྱད་ཚད་ལེན་དང་ལྟ་ཞིབ་ཚད་ལེན། ནད་བརྟག་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། མི་ཚོགས་དཀྱུས་མ་དང་གཙོ་གནད་མི་ཚོགས(སློབ་མ་དང་ལོ་65ཡན་གྱི་རྒན་རྒོན། གཅིན་སྙི་ཟགས་ཁུའི་ནད་པ། ཨེ་ཙི་ནད་པ)ཀྱི་འདུས་འདྲིལ་གཅོང་ནད་ལ་གྲལ་བཤེར་བྱེད་པ་དང་ཆབས་ཅིག་གློ་བའི་འདུས་འདྲིལ་ནད་ཀྱི་དོགས་གཞིའི་ནད་རྟགས་ཡོད་མཁན་དང་། ལྷག་པར་དུ་གློ་ལུ་བ་དང་ལུད་པ་འབྱུང་བ་སོགས་ཀྱི་ནད་རྟགས་གཟའ་འཁོར་གཉིས་ཡན་ལ་ཡོད་མཁན་གཙོ་གནད་དུ་བཟུང་ནས་རྩད་ཞིབ་བྱས་ཏེ། འགོས་ནད་རང་བཞིན་གྱི་གློ་བའི་འདུས་འདྲིལ་ནད་ཀྱི་ནད་པའི་སྨན་དྲེད་གསེད་འདེམས་སྒྲུག་ལས་ཀར་ཤུགས་སྣོན་རྒྱག་རྒྱུ། མི་མང་འདུས་སར་འདུས་འདྲིལ་གཅོང་ནད་ལ་དབྱེ་གསེད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་འཁོར་རྒྱུག་མི་སྣའི་འདུས་འདྲིལ་གཅོང་ནད་གསེད་འདེམས་དང་དོ་དམ་ལས་ཀར་ཤུགས་སྣོན་རྒྱག་རྒྱུ། རྗེས་མར་ནད་བརྟག་སྨན་བཅོས་ཀྱི་ལས་ཀ་སྔར་ལས་ཚད་ལྡན་དུ་བཏང་སྟེ་ནད་པར་དུས་ངེས་མེད་དུ་འཚམས་འདྲི་དང་ཞིབ་བཤེར་བྱེད་པའི་དོ་དམ་དོན་འཁྱོལ་ནན་མོ་བྱས་ནས་སྨན་བཅོས་ལེགས་གྲུབ་ཡོང་ཚད་མཐོ་རུ་གཏོང་རྒྱུ། བདེ་ཐང་སློབ་གསོའི་ལས་དོན་ནུས་ལྡན་ངང་སྤེལ་ནས་སྤྱི་དམངས་ཀྱི་འདུས་འདྲིལ་གཅོང་ནད་འགོག་བཅོས་ཀྱི་ཤེས་བྱ་ཤེས་རྟོགས་ཐུབ་ཚད་མཐོ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།