མཚོ་སྔོན་གྱིས་རོང་འབྲོག་ཁྱིམ་ཚང་ཁྲི4ལྷག་གི་འཚོ་སྡོད་ཆ་རྐྱེན་སྔར་བས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིང་གིས་ས་ཁུལ་སོ་སོས་སྙན་ཞུ་བྱས་པའི་རྨང་གཞིའི་སྟེང་ལེགས་འདེམས་གཏན་འཁེལ་བྱས་པ་བརྒྱུད། 2021ལོའི་རོང་འབྲོག་ཁྱིམ་ཚང་ཁྲི4ཡི་འཚོ་སྡོད་ཆ་རྐྱེན་ལེགས་བཅོས་བཟོ་འགོད་ཀྱི་ལས་འགན་བགོ་སྤྲོད་བྱས། དེའི་ནང་ཟི་ལིང་གྲོང་ཁྱེར་ལ་ཁྱིམ་ཚང11013དང་མཚོ་ཤར་གྲོང་ཁྱེར་ལ་ཁྱིམ་ཚང11645། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་ཁྱིམ་ཚང1071། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཁྱིམ་ཚང5590། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་ཁྱིམ་ཚང2499། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཁྱིམ་ཚང4293། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་ཁྱིམ་ཚང1900། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་ཁྱིམ་ཚང1989བཅས་ཡོད།

ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིང་གིས་ས་ཁུལ་སོ་སོས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ་མང་ཚོགས་སྐུལ་སློང་གང་ལེགས་བྱ་དགོས། རོང་འབྲོག་པ་མང་ཚོགས་ཀྱིས་རང་བདག་དང་རང་མོས་ཀྱིས་ལས་གཞི་ལག་བསྟར་བྱེད་པར་སྣེ་ཁྲིད་དེ་གཞི་རིམ་རྩ་འཛུགས་ཀྱི་བྱེད་ནུས་འདོན་སྤེལ་ཡག་པོ་བྱེད་པ་དང་། རྩ་འཛུགས་མགོ་ཁྲིད་དམིགས་སར་འབྱོར་བ་དང་ལྟ་སྐུལ་མཛུབ་སྟོན་དམིགས་སར་འབྱོར་བ། ཁྲོམ་བསྒྲགས་གསལ་བསྒྲགས་དམིགས་སར་འབྱོར་བ་བཅས་བྱེད་དགོས། ལས་གཞིའི་ལག་བསྟར་ནང་དོན་དང་ཁ་གསབ་མ་དངུལ་རྩིས་སྤྲོད་སོགས་ལ་སྡེ་དམངས་ཚོགས་འདུའི་བརྡ་ཁྱབ་སྤེལ་ནས་ཁྲོམ་བསྒྲགས་དང་དྲང་བདེན། དྲང་བཞག་ཡོང་བར་བྱས་ཏེ། མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཡིད་ཆེས་ཐོབ་པར་བྱེད་དགོས། ནན་ཏན་གྱིས་སྡོད་ཁང་གི་གནས་བབ་བརྟག་བཤེར་དཔྱད་འཇོག་རྩ་འཛུགས་བྱས་ཏེ། ལས་གཞི་ལག་བསྟར་སྡེ་བར་ལས་དོན་སྤེལ་བར་ལྟ་སྐུལ་མཛུབ་སྟོན་བྱེད་དགོས་ལ། ལས་གཞིའི་སྙན་ཞུ་དང་ཞིབ་བཤེར། རྩིས་ལེན་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས། ཆ་རྐྱེན་ལྡན་པའི་ས་ཁུལ་གྱིས་རོང་འབྲོག་པའི་འཚོ་སྡོད་ཆ་རྐྱེན་ལེགས་བཅོས་བཟོ་འགོད་དང་མཐོ་སྒང་མཛེས་སྡུག་མཁར་གྲོང་། མཐོ་སྒང་མཛེས་སྡུག་ཤང་སྡེ་བཅས་འཛུགས་སྐྲུན་བྱེད་པའི་ལས་གཞི་དང་གཅིག་གྱུར་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ལ། མཐོ་སྒང་མཛེས་སྡུག་མཁར་གྲོང་དང་མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་གྱི་ནང་དོན་འཐུས་ཚང་དང་རྒྱ་བསྐྱེད་གཏོང་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།