མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་སྐྲུན་ལས་གཞི་ལ་ལག་རྩལ་རྩིས་ལེན་ཐོབ་པ།

1.jpg

པར་འདི་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཟུར་ཞིག་ཡིན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་སྐྲུན་ལས་གཞི་ལ་དངོས་སུ་ལག་རྩལ་རྩིས་ལེན་ཐོབ་པ་རེད།

མདོ་ལ་རི་བོ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་ཆུ་ཁུངས་ས་ཆ་གལ་ཆེན་ཡིན་པ་མ་ཟད། རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ཁུངས་གཙོ་བོ་ཡང་ཡིན་ལ། གནས་དེར་གངས་རི་དང་། འཁྱགས་རོམ། ནགས་ཚལ། རྩྭ་ཐང་བཅས་ཀྱིས་ཁྱབ་ཡོད་ཅིང་། ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཙོ་གནད་སྲུང་སྐྱོང་ཁུལ་དང་། འཛམ་གླིང་གི་མཐོ་གྲང་རྒྱུད་རྒྱུའི་ཐོན་ཁུངས་དང་རི་སྐྱེས་སྲོག་ཆགས་གནས་སྤོ་བའི་ས་ཆ་གཙོ་བོ་ཡིན་པས“ཀྲུང་གོའི་བརླན་སའི་གླིང་ཕྲན”ཞེས་པའི་མཚན་སྙན་ཐོབ་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་སྐྲུན་ལས་གཞི་དེ2019ལོའི་ཟླ5བར་དངོས་སུ་མགོ་བརྩམས་པ་དང་། 2021ལོའི་ཟླ2པར་འཛུགས་སྐྲུན་ལས་དོན་མཇུག་སྒྲིལ་བ་རེད། ལས་གཞིའི་དུས་ཡུན་ནང་དགོས་མཁོ་དཔྱད་ཞིབ་དང་། ཇུས་འགོད་དཔྱད་ཞིབ། ནུས་པའི་དཔྱད་ཞིབ། མ་ལག་དཔྱད་ཞིབ་བཅས་ཀྱི་ཆེད་མཁས་དཔྱད་ཞིབ་བྱས་ཡོད། 

མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་སྐྲུན་ལས་གཞིའི་ལས་དོན་ནང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གཞི་གྲངས་ཀྱི་དོ་དམ་མ་ལག་དང་། ཞབས་ཞུ་དོ་དམ་མ་ལག ཁྱབ་བསྒྲགས་དོ་དམ་མ་ལག བེད་སྤྱོད་ཞབས་ཞུ་མ་ལག་བཅས་མ་ལག་ཆེན་པོ་བཞི་ཚུད་ཡོད་པས“མཛོད་ཁང་གཅིག་དང་པར་རིས་གཅིག དྲ་ཚིགས་གཅིག་དང་སྟེགས་བུ་གཅིག འཁོར་སྐྱོད་ཁོར་ཡུག་ཆ་ཚང་གཅིག”བཅས་ནང་དོན་གཙོ་བོ་ཡིན་པའི་འཛུགས་སྐྲུན་ཕན་འབྲས་འབུར་དུ་ཐོན་ཡོད་པ་རེད། 

མཚོ་སྔོན་ཞིང་ཆེན་ཁོར་ཡུག་ཐིང་གིས། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གཞི་གྲངས་ཆེན་མོའི་སྟེགས་བུ་ལས་གཞི་འཛུགས་སྐྲུན་བྱས་པ་དེས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་དོ་དམ་དང་འབྲེལ་ཡོད་སྲིད་གཞུང་ལས་ཁུངས། སྤྱི་ཚོགས་སྤྱི་དམངས་དང་ཁེ་ལས་སོགས་ལ་གཞི་གྲངས་མཉམ་སྤྱོད་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཕྱོགས་བསྡུས་དབྱེ་ཞིབ་ནུས་པའི་ཆུ་ཚད་དང་། ཉེན་བརྡའི་སྔོན་བརྡ་འདོན་སྤྲོད་ལ་ཚན་རིག་གི་འདེགས་སྐྱོར་ཤུགས་ཆེན་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།