ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་སྤྱི་ཆིང་ཁྲི57.4ལེགས་སྒྲུབ་བྱས་ཏེ་བྱེ་བཅོས་ཀྱི་ལས་འགན་ཚད་བརྒལ་ངང་ལེགས་འགྲུབ་བྱས་པ་དང་། ལོ་རེར་བྱེ་འགྱུར་ས་ཆ་ཆ་སྙོམས་ཀྱིས་སྤྱི་ཆིང་ཁྲི1.14ཉུང་དུ་ཕྱིན་ཞིང་ཐང་རྒོད་ཅན་གྱི་ས་ཆ་ཆ་སྙོམས་ཀྱིས་སྤྱི་ཆིང་ཁྲི1.02ཉུང་དུ་ཕྱིན་ཡོད། གཙོ་གནད་བྱེ་ཁུལ་དུ“བྱེ་མས་མི་དེད་པ”ནས“ལྗང་སྨྱུག་གིས་བྱེ་མ་དེད་པའི”ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།
མཚོ་སྔོན་ཞིང་ཆེན་གྱི་ཐང་རྒོད་ཅན་གྱི་ས་བཀྲའི་ཁ་ཕྱེས་ཚེ། རྨ་ཆུའི་ཚ་རྔ་འགག་ཆུ་མཛོད་ཁུལ་གྱི་ལྷོ་ངོགས་སུ་གཞི་ཁྱོན་ཆེ་བའི་ས་ཁུལ་སེར་པོ་ཞིག་ཡོད། དེ་ནི་ལོ་མང་རིང་བྱེ་རླུང་གི་གནོད་འཚེ་ཕོག་པའི་ཀོས་ནན་རྫོང་གི་མུ་གེ་ཐང་སྟེ་བྱེ་ཐང་ཅན་གྱི་ས་ཆ་རེད། མི་མང་པོས་ལོ་དུ་མར་འབད་བརྩོན་བྱས་པ་བརྒྱུད་དེ་གའི་བྱེ་ཐང་མཆེད་པའི་མྱུར་ཚད་བཀག་འགོག་ཐུབ་ནས་ད་ལྟ་རྣམ་པ་གཞན་ཞིག་མངོན་ཡོད།
མུ་གེ་ཐང་དུ་ལངས་ནས་རྒྱང་བལྟ་བྱས་ཚེ། བྱེ་སྒང་སྟེང་དུ་གྲལ་འགྲིག་པའི་རྩྭ་ར་གྲུ་བཞིས་ཁེབས་ཡོད། རྩྭའི་དྲ་མིག་གིས་བྱེ་མ་འགོག་པ་ནི་གྲོ་རྩྭ་དང་འབྲས་རྩྭ། འདམ་རྩྭ་སོགས་ཀྱིས་འགུལ་སྐྱོད་བྱེ་སྒང་དུ་རླུང་འགོག་སྲུང་ཡོལ་བཟོས་ཏེ་རླུང་ཤུགས་ཀྱི་བསླད་སྐྱོན་ཉམས་ཞན་དུ་གཏོང་བ་ཡིན་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་གསར་དུ་ནང་འདྲེན་བྱས་པའི་བྱེ་འགོག་ལག་རྩལ་ཞིག་རེད།
ཀོས་ནན་རྫོང་གི་མུ་གེ་ཐང་ནི་མཚོ་སྔོན་ཞིང་ཆེན་གྱི་མཐོ་གྲང་ཐན་སྐྱོན་ཆེ་བའི་ས་ཁུལ་གྱི་བྱེ་བཅོས་བྱེད་སྟངས་ཀྱི་བསྡུས་རིས་ཤིག་རེད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱས་པ་བརྒྱུད། གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་དང་ས་ཆུ་སྲུང་འཛིན་གྱི་འབབ་རྒྱུད་ཆུང་ངུའི་ཕྱོགས་བསྡུས་བཅོས་སྒྲིག་སོགས་གཙོ་གནད་ལས་གྲྭ་ལག་བསྟར་བྱས་པ་དང་། བྱེ་འགྱུར་ས་ཆ་བཅོས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་བཏང་ནས་བྱེ་རླུང་མཆེད་སར་ལྗང་མདོག་སྲུང་ཡོལ་བསྐྲུན་པ་རེད། དེའི་ནང་ཚྭ་འདམ་གཤོངས་ས་དང་གཙང་གསུམ་འབྱུང་ཡུལ་གྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱིའི་ཆ་ནས་ཇེ་ཆུང་དུ་ཕྱིན་ཞིང་བྱེ་འགྱུར་འགྲོ་ཚད་ཇེ་དམའ་རུ་སོང་། གུང་ཧི་གཤོངས་ས་དང་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་བྱེ་འགྱུར་ཚད་གཞི་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད།
བྱེ་འགོག་བྱེ་བཅོས་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག རྩྭ་ཐང་སྐྱེ་ཁམས་མ་ལག་སྲུང་སྐྱོང་སླར་གསོར་སྐུལ་འདེད་གཏོང་བ་དང་། ཕྱུགས་སྐྱུར་རྩྭ་གསོ་དང་ཞན་འགྱུར་རྩྭ་ཐང་བཅོས་སྐྱོང་སོགས་ཀྱི་རྩྭ་ཐང་བཟོ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་ཕྱུགས་བཀག་དང་ཕྱུགས་བསྐྱུར། རྩྭ་ཕྱུགས་དོ་སྙོམས་བཅས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། ལོ5ཡི་རིང་རིམ་རྩིས་བྱས་ན་རྩྭ་ཐང་སྤྱི་ཆིང་ཁྲི220ལ་ཕྱུགས་སྐྱུར་རྩྭ་གསོ་བྱས་པ་དང་། ཉམས་ཞན་རྩྭ་ཐང་སྤྱི་ཆིང་ཁྲི47བཅོས་སྒྲིག་བྱས་ནས་རྩྭ་ཐང་སྐྱེ་ཁམས་མ་ལག་གི་ནུས་པ་བརྟན་བརླིང་ངང་ཆེ་རུ་བཏང་བས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ལོ་ལྔའི་རིང་མཚོ་སྔོན་ཞིང་ཆེན་གྱིས་བྱེ་འགོག་བྱེ་བཅོས་སྤྱི་ཆིང་ཁྲི57.4ལེགས་སྒྲུབ་བྱས་པ།