ཀྲོ་ཀྲ་ཐང་གི་སྤྲོ་སྣང་ལྡན་པའི་ལས་དོན།

རྡོ་ཟེགས་ར་བར་ཁ་བྲལ་ཏེ་ཡུལ་སྐོར་གྱི་ཡོང་སྒོ་རེག་པ།

“ལོ་གསུམ་གྱི་སྔོན་ལ། ང་ཚོ་ད་ལྟ་ཡོད་ས་འདི་ནི་གང་སར་བཤིག་རོས་ཁེངས་པའི་སྡེ་བ་ཐུན་མོང་གི་རྡོ་ཟེགས་འདོན་ས་ཞིག་ཡིན་ཞིང་། གང་ཡིན་སར་ས་རྡུལ་དང་རྣ་བར་གཟན་པའི་འཛེར་སྒྲས་གང་ཡོད” ཡན་ཀྲང་ཏུང་གི་འགྲོ་རོགས་འོག་ང་ཚོ་ཀྲོ་ཀྲ་ཐང་གདོད་མའི་སྐྱེ་ཁམས་ལྗོངས་ཁུལ་དུ་སོང་བ་ཡིན།

ཀྲོ་ཀྲ་ཐང་ནི་ཝེ་ཡོན་གྲོང་རྡལ་བྱང་ཕྱོགས་ཀྱི་རི་ཐང་མཚམས་སུ་གནས་ཡོད་ལ། འགྲིམ་འགྲུལ་གྱི་ཆ་རྐྱེན་ཅུང་སྟབས་བདེ་རེད། སྡེ་བ་ཧྲིལ་བོར་ཞིང་ཁྱིམ465དང་མི་གྲངས1741ཡོད་ལ། བསྡོམས་པས་ཧྲེ10ཡོད།

ཡན་ཀྲང་ཏུང་གིས་བཤད་པ་ལྟར་ན། 2017ལོའི་ཡར་སྔོན་དུ། ཀྲོ་ཀྲ་ཐང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་གཙོ་བོ་ནི་ས་ཞིང་འཁོར་རྒྱུག་དང་བོགས་གླ་སྡུད་པ། གཏེར་ལས(རྡོ་ཟེགས)ཕྱིར་འཚོང་བྱེད་པ་བཅས་ལ་བརྟེན་ཡོད་པ་དང་ལོ་རེར་སྒོར་ཁྲི17གྱི་ཡོང་སྒོ་ཡོད། 2017ལོའི་ཟླ8པར། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཚོགས་པས་ལོ་བཅུ་ལ་གཉེར་བའི་སྡེ་བའི་རྡོ་ཟེགས་ར་བ་གཉེར་མཚམས་འཇོག་ཏུ་བཅུག་པ་དང་། ཁོར་ཡུག་ལ་གཏོར་བརླག་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཇི་ལྟར་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པའི་དཀའ་གནད་དེ་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་མདུན་དུ་བཤམས།

སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གྲོས་བསྡུར་བྱས་པ་དང་། གཞན་ཏང་ཡོན་ཚོགས་ཆེན་དང་སྡེ་དམངས་ཚོགས་ཆེན་ལས་རྒྱ་ཆེའི་སྡེ་དམངས་ཀྱི་བསམ་འཆར་སྡུད་ལེན་བྱས་པ་བརྒྱུད། སྔོན་ལ་གྲམ་པའི་ནགས་ཚལ་གྱི་སྐྱེ་ཁམས་སླར་གསོའི་རང་བཞིན་ལྡན་པའི་ཁོར་ཡུག་བཅོས་སྐྱོང་བྱེད་རྒྱུ་དང་། དེའི་རྗེས་ཁྱད་ལྡན་གྱི་གྲོང་གསེབ་ཡུལ་སྐོར་ལས་རིགས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་རྒྱུའི་གྲོས་ཐག་བཅད། ཀྲོ་ཀྲ་ཐང་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཐུན་མོང་གིས་མ་དངུལ་བཏང་སྟེ་ཡུལ་སྐོར་ཡོང་སྒོ་མཉམ་སྤྱོད་ཀྱི་བྱེད་ཐབས་ལྟར་ཀྲོ་ཀྲ་ཐང་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་། དེའི་ཁོངས་གཏོགས་སུ་ཀྲོ་ཀྲ་ཐང་གདོད་མའི་ལྗོངས་ཁུལ་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སི་བཙུགས་ནས།ཀྲོ་ཀྲ་ཐང་གདོད་མའི་ལྗོངས་ཁུལ་འཛུགས་སྐྲུན་དང་གཉེར་སྐྱོང་བྱས།

2018ལོའི་ཟླ4པར། ཀུང་སིས་མ་རྐང་དུ་ཞུགས་པའི་ཀྲོ་ཀྲ་ཐང་སྡེ་བ་དང་ཉེ་འཁོར་གྱི་སྡེ་བ4ཡི་ཁྱིམ་ཚང573གྱི་མང་ཚོགས་ཀྱི་མ་དངུལ་དང་། དེ་མིན་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་དབུལ་སྐྱོར་མ་དངུལ་སྣ་ཚོགས་བེད་སྤྱོད་བྱས་ནས་ལྗོངས་ཁུལ་དུ་འཇའ་ཚོན་ཤུད་ལམ་དང་། ཆུ་ཐོག་སྤྲོ་སྐྱིད་གླིང་། རྩི་ཤིང་ར་བ་སོགས་ཀྱི་སྤྲོ་གསེང་སྒྲིག་བཀོད་བསྐྲུན་པ་དང་། གཞན་ལྗོངས་ཁུལ་གྱི་རླངས་འཁོར་འཇོག་ས་དང་ཡུལ་སྐོར་པའི་ཞབས་ཞུ་ལྟེ་གནས་སོགས་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ།“རྡོ་ཟེགས་ར་བ”དེ་སྐྱེ་ཁམས་ལྗོངས་ཁུལ་དུ་བསྒྱུར་བ་རེད།

སྡེ་མི་ཡན་ལུའུ་ཧྲེང་གིས་བཤད་རྒྱུར། “ལྗོངས་ཁུལ་འཛུགས་སྐྲུན་བྱས་རྗེས་སྡེ་བའི་ནང་ནས་ཡོང་སྒོ་འཚོལ་ཐུབ་པར་མ་ཟད། ལོ་ལོན་རྣམས་ལའང་སྐྱོ་སྣང་བསང་ས་ཞིག་ཇེ་མང་དུ་ཕྱིན་ཡོད”ཟེར།

“2018ལོར་ལྗོངས་ཁུལ་དུ་ཐོན་པའི་ཡུལ་སྐོར་པ་མི་ཐེངས་ཁྲི10ལ་སླེབས་པ་དང་། སྒོ་གླའི་འཛིན་བྱང་བཙོང་བའི་ཡོང་སྒོ་ཁོ་ན་སྒོར་ཁྲི80རུ་སླེབས། 2019ལོར་གྲངས་ཀ་དེ་གཉིས་སོ་སོར་མི་ཐེངས་ཁྲི37དང་ཡོང་སྒོ་སྒོར་ཁྲི870རུ་འཕར།2020ལོར་ཡང་བསྐྱར་མི་ཐེངས་ཁྲི45དང་ཡོང་སྒོ་སྒོར་ཁྲི1020རུ་འཕར།” ཡན་ཀྲང་ཏུང་གིས་བཤད་རྒྱུར། གཞི་གྲངས་དེ་དག་ལས་ང་ཚོས་ལྗང་མདོག་འཕེལ་རྒྱས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གསེར་གྱི་དཀར་ཡོལ་དེ་གཡོ་བ་མེད་པར་བཏེགས་ཡོད་པ་ཤེས་ཐུབ།

སྡེ་བ་ཐུན་མོང་སྟོབས་ལྡན་དུ་གྱུར་ན་ཚང་མར་ཕན་ཐོགས།

“བདེ་སྐྱིད་གླིང་གི་ཉིན་རེའི་དྲོས་ཇའི་ཟ་མར་སྣ་ཁ་དུ་མ་ཡོད་ལ། ལས་བྱེད་མི་སྣས་ད་དུང་ང་ཚོ་རྩ་འཛུགས་བྱས་ཏེ་བྱ་འགུལ་སྤེལ་བཞིན་ཡོད། སྡེ་བའི་ནང་གི་ལོ65ཡན་གྱི་ལོ་ལོན་རྣམས་དེ་གར་གང་འདོད་ལྟར་སོང་ཆོག་སྟེ། དེ་ནི་དངོས་གནས་ཤིན་ཏུ་ཡག་པོ་ཞིག་རེད།”ཅེས་སྡེ་བའི་ནང་གི་བདེ་སྐྱིད་གླིང་གླེང་ཚེ། ད་ལོར་ལོ70ལ་བུད་པའི་རྒད་པོ་ཡན་ལུའུ་ཏིང་གིས་ཀྱང་དེ་ལྟར་བསྟོད་པ་ཡང་ཡང་བྱས།

2016ལོར། ཀྲོ་ཀྲ་ཐང་སྡེ་བ་ཐུན་མོང་གིས་མ་དངུལ་སྒོར་ཁྲི100བཏང་བའི་ཁར། སྲིད་གཞུང་གི་ལས་གཞིའི་མ་དངུལ་སྒོར་ཁྲི70བཏང་ནས་བདེ་སྐྱིད་གླིང་བསྐྲུན་པ་དང་། སྡེ་བའི་ནང་གི་ལོ་ན65ཡན་གྱི་རྒན་རྒོན་རྣམས་བདེ་སྐྱིད་གླིང་དུ་སོང་ནས་སྤྲོ་གསེང་རོལ་རྩེད་བྱེད་ཆོག་པར་མ་ཟད། རིན་མེད་ངང་གུང་ཟས་ཀྱང་མཁོ་འདོན་བྱེད་ཀྱིན་ཡོད། 2018ལོར་ལྗོངས་ཁུལ་བསྐྲུན་ཏེ་བེད་སྤྱོད་བྱས་རྗེས་བདེ་སྐྱིད་གླིང་གི་འཁོར་སྐྱོད་འགྲོ་གྲོན་ཡོད་ཚད་སྔར་བཞིན་སྡེ་བའི་ཐུན་མོང་ཡོང་སྒོའི་ཁྲོད་ནས་ལོ་རེར་སྒོར་ཁྲི15རེ་བཏང་བ་དང་། ད་ལྟ་རྒན་རྒོན70ཡིས་བདེ་སྐྱིད་གླིང་དུ་བདེ་སྐྱིད་ལྡན་པའི་ངང་ཚེ་མཇུག་གི་འཚོ་བ་སྐྱེལ་བཞིན་ཡོད།

སྡེ་དམངས་རྣམས་ལ“ལོ་མཇུག་བྱ་དགའ”ཐོབ་པ།

ཟླ1པའི་ཚེས18ཉིན་གྱི་ཕྱི་དྲོར། ཀྲོ་ཀྲ་ཐང་སྡེ་བས་ཁེ་སྤོགས་བགོ་བའི་ཚོགས་ཆེན་འཚོགས། “2020ལོར། ཀྲོ་ཀྲ་ཐང་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་དང་ཁེ་ལས་འཁོར་རྒྱུག་བྱས་པ་བཟང་བས། མིག་སྔར་སྡེ་བ་ཐུན་མོང་གི་དཔལ་འབྱོར་ཡོང་སྒོ་སྒོར་ཁྲི1000ལ་སླེབས་པ་དང་། ད་རེས་བགོ་བྱའི་ཁེ་སྤོགས་བསྡོམས་པས་སྒོར་ཁྲི120ལ་སླེབས།”ཞེས་ལས་འཛིན་མགོ་གཙོའི་ཡན་ཀྲང་ཏུང་གིས་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ཡོང་སྒོ་བགོ་བའི་བྱེད་ཐབས་གསལ་བཤད་བྱས་པ་དང་། ལས་འཛིན་ལྷན་ཚོགས་དང་ལྟ་ཞིབ་ལྷན་ཚོགས་ཀྱི་ཁོངས་མི་རྣམས་ཀྱིས་ཧྲེ་ཡོན་ཚོར་མ་རྐང་དངུལ་གྱི་དཔང་ཡིག་དང་ཁེ་སྤོགས་བགོ་བའི་དྲན་རྟེན་དཔང་ཡིག་སྤྲད་པར་མ་ཟད། མ་རྐང་དངུལ་གྱི་མི་འདྲ་བའི་བསྡུར་ཚད་ལྟར་ཡོང་སྒོ་བགོ་བཤའ་བྱས།

སྡེ་མི་ཚོས་ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་གྲལ་འགྲིག་པོར་བཞག་ཡོད་པའི་སྒོར་ཁྲི120ཡི་ལག་དངུལ་ལ་བལྟ་བཞིན་དགའ་སྤྲོའི་ངང་སྟེགས་བུར་བུད་པ་དང་ཐོ་འགོད་བྱས་རྗེས་རང་ཉིད་ལ་དབང་བའི2020ལོའི“ལོ་མཇུག་གི་བྱ་དགའ”བླངས།

སྡེ་མི་ཚའེ་ཝན་ཆིང་གིས་དགའ་སྤྲོའི་ངང་གསར་འགོད་པར་བཤད་རྒྱུར། “ན་ནིང་ངེད་ཚང་ལ་ཡོང་སྒོ་སྒོར་ཆིག་ཁྲི་ཆིག་སྟོང་ཐོབ་པ་དང་། ད་ལོར་སྒོར་ཆིག་ཁྲི་ཉིས་སྟོང་ཐོབ་བྱུང”ཟེར།“དེ་མིན་ཁྱིམ་ཚང་རེར་འབྲས་ཁུག་མ་གང་རེ་དང་ཕྱེ་ཁུག་མ་གང་བགོས་པར་མ་ཟད། སྡེ་བའི་ནང་གི་མི་ཚང་མར་ལོ་གཅིག་གི་ཆུ་རིན་དང་། གཙང་སྦྲའི་འགྲོ་གྲོན། ཞིང་སྡེའི་མཉམ་ལས་སྨན་བཅོས་ཀྱི་འགྲོ་གྲོན་བཅས་སྤྲད་ཡོད”ཅེས་བཤད།

“སྐུལ་སློང་བྱེད་པ་ནས་རང་རྟོགས་ཀྱི་བར་དང་། འགའ་ཤས་ནས་སྡེ་བ་ཧྲིལ་པོའི་བར། སྡེ་བ་གཅིག་ནས་སྡེ་བ་ལྔ་རུ་འཕར་བ་སོགས་ཀྲོ་ཀྲ་ཐང་ལ་ད་ལྟའི་རྣམ་པ་གསར་པ་འདི་བྱུང་བ་ནི། ཏང་དང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོ་དང་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད།”ཡན་ཀྲང་ཏུང་གིས་བཤད་རྒྱུར།“ལྷག་པར‘རྩ་འཛུགས་མ་ལག་གི་འཛུགས་སྐྲུན་གྱི་ལོ་ངོ་གསུམ་གྱི་འགུལ་སྐྱོད’སྤེལ་བའི་ཚུན་དུ། ང་ཚོས་སྡེ་བའི་ཏང་ཀྲི་པུའུ་ཡི་འཐབ་འཛིང་གི་མཁར་རྫོང་ཇེ་བརྟན་དུ་བཏང་བས་འཐབ་འཛིང་ནུས་པ་དང་། གོང་བུར་འགྲིལ་ཤུགས།འབོད་སྐུལ་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཅིང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པའི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་ཡོད། ཏང་གི་མགོ་ཁྲིད་བརྟན་པོའི་འོག་ང་ཚོས་བློ་གཅིག་སེམས་གཅིག་དང་རྡོག་རྩ་གཅིག་སྒྲིལ་བྱས་ཚེ་ཀྲོ་ཀྲ་ཐང་གི་ལས་དོན་ཡག་པོར་བསྒྲུབ་ཐུབ་ངེས་ཀྱི་ཡིད་ཆེས་བརྟན་པོ་ཡོད”ཅེས་བཤད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།