ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་གིས“མེ་ཏོག་གཙགས་དྲུབ་ཀྱི་ནུས་རྩལ”ལ་བརྟེན་ནས་སྡེ་ཁུལ་གྱི་ཏང་འཛུགས་སྐྲུན་བྱ་བ་ལེགས་པོར་བསྒྲུབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་གིས“མེ་ཏོག་གཙགས་དྲུབ་ཀྱི་ནུས་རྩལ”ལ་བརྟེན་ནས་སྡེ་ཁུལ་གྱི་ཏང་འཛུགས་སྐྲུན་བྱ་བ་ལེགས་པོར་བསྒྲུབས་པ།

ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་གིས་འབྲོག་པ་མང་ཚོགས་མང་པོ་གནས་སྤར་ནས་གྲོང་ཁྱེར་དུ་འགྲོ་བ་དང་། གྲོང་ཁྱེར་དུ་སོང་བའི་འབྲོག་པ་ཏང་ཡོན་གྱི་བསྡུར་ཚད་མཐོན་པོ་ཡིན་ཞིང་། ཏང་ཡོན་རྣམས་ཡུལ་ངེས་མེད་འགྲིམ་པའི་འགྲོ་འོང་རང་བཞིན་ཆེ་ལ། སྐོར་སྐྱོད་འགྲོ་འོང་གི་དུས་ཚོད་ངེས་གཏན་མིན་པ་བཅས་ཀྱི་ད་ཡོད་གནས་ཚུལ་ལ་དམིགས་ཏེ། “མེ་ཏོག་གཙགས་པའི་ནུས་རྩལ”ལ་བརྟེན་ནས་སྡེ་ཁུལ་གྱི་ཏང་འཛུགས་སྐྲུན་བྱ་བ་ལེགས་པོར་བསྒྲུབས་པ་དང་། གྲོང་ཁྱེར་དུ་ཡོང་བའི་འབྲོག་པ་ཏང་ཡོན་ལ་དོ་དམ་བྱེད་སྟངས་གནད་ལ་མི་ཁེལ་བ་དང་དོ་དམ་ཉིས་བརྩེགས་བྱེད་པའི་སྣང་ཚུལ་མཆིས་པ་ཐམས་ཅད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད།

འབྲི་སྟོད་རྫོང་མཁར་དུ་སྡོད་པའི་ཏང་ཡོན་རྣམས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་མཐིལ་རྟོགས་བྱས་ཏེ། གནས་ཚུལ་གསལ་པོ་ཡོང་བར་ཁག་ཐེག་ནན་མོ་བྱས་ཤིང་། གནས་སྡོད་དུས་ཚོད་དང་གྲོང་ཁྱེར་དུ་ཡོང་བའི་རྒྱུ་རྐྱེན་མཐའ་དག་རྒྱུས་ལོན་བྱས་པར་མ་ཟད། ཆ་འཕྲིན་དེ་དག་གཞིར་བཟུང་ནས་སོ་སོར་སྡེ་བ་དང་སྡེ་ཁུལ་དུ་མིང་ཐོ་འགོད་དེབ་བཟོས་ཏེ། རྫོང་དང་ཞང་།སྡེ་བ(སྡེ་ཁུལ)བཅས་མཐུན་སྦྱོར་གཞོགས་འདེགས་བྱས་ཤིང་། སྡེ་བ་དང་སྡེ་ཁུལ་འབྲེལ་མཐུད་ཀྱི་ཚོགས་འདུ་བསྡུས་ཏེ། སྐོར་སྐྱོད་ཏང་ཡོན་གྱི་དོ་དམ་ལ་ཞིབ་འཇུག་བྱས་པ་དང་། སྐོར་སྐྱོད་ཏང་ཡོན་འབྱོར་ཐོ་འགོད་པའི་ལམ་ལུགས་བཙུགས་ནས། ཏང་ཡོན་ལ་དོ་དམ་བྱེད་པའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་དང་། ཕྱོགས་གཉིས་ཀར་རང་རང་སོ་སོའི་འགན་བབ་ཡོད་པ་དང་། རང་འགན་རང་གིས་འཁུར་ཐུབ་པའི་ཁག་ཐེག་ནན་མོ་བྱས་པ་རེད།

ཏང་ཡོན་གང་དུ་བསླེབས་ན་ཏང་འཛུགས་སྐྲུན་གྱི་བྱ་བ་དེ་གར་སྒྲུབ་ཐུབ་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ཞབས་ཞུ་ཇེ་ལེགས་སུ་གཏོང་པ་དང་འཕྲིན་སྟེགས་བསྐྲུན་པར་ཤུགས་སྣོན་བརྒྱབ་པ་དང་། སྤོར་དམངས་ཀྱི་ཏང་ཚན་ཆུང་སོ་སོར་ཏང་ཡོན་ཞབས་ཞུ་ས་ཚིགས་འཛུགས་རྒྱུ་ཁྱོན་ཡོངས་ནས་གྲུབ་པ་དང་། ཏང་ཡོན་ཞབས་ཞུ་ལྟེ་གནས་བཙུགས་ཏེ།སློབ་སྦྱོང་གི་ནང་རྐྱེན་གསར་འཛུགས་བྱས་ལ། ཏང་ཡོན་གྱི་བྱང་ཚད་མཐོར་འདེགས་བཏང་། དེ་དང་ཆབས་ཅིག་ཏུ། ཏང་འཛུགས་སྐྲུན་གྱི་ལས་གཞིའི་ཆེད་དམིགས་གྲོན་དངུལ་དེ་ནོར་སྲིད་ཀྱི་སྔོན་རྩིས་ནང་དུ་བཞག་ནས། དོན་དངོས་ལྟར་བྱ་བའི་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ། ཞབས་ཞུའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཏང་ཡོན་ལ་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ། ཞབས་ཞུའི་ལས་ཕྱོད་མཐོ་རུ་འདེགས་པ། ཏང་ཡོན་གྱི་ཐོག་མའི་བསམ་ཕྱོགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་བྱས།

སྐོར་སྐྱོད་ཏང་ཡོན་ལ་དོ་དམ་བྱེད་པའི་ཐད་ནས། བསམ་བློའི་ངོས་ཟིན་དང་ཡང་ན་རྩ་འཛུགས་ཀྱི་ནུས་པ་གང་ཞིག་ཡིན་རུང་། ཚང་མར་ཏང་འཛུགས་སྐྲུན་གྱི་ལས་གཞི་དེ་ལོ་ཧྲིལ་པོའི་ཏང་འཛུགས་སྐྲུན་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་བཞག་པ་དང་། ཞང་གྲོང་དང་སྡེ་བ(སྡེ་ཁུལ)སོ་སོའི་ཏང་རྩ་འཛུགས་ཀྱིས། གྲོང་ཁྱེར་དུ་སོང་བའི་ཏང་ཡོན་གྱི་གནས་ཚུལ་མཐའ་དག་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཤིང་། དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་རང་བཞིན་གྱི་བསམ་གཞིགས་འདོན་སྤེལ་བྱེད་པ་དང་། དངོས་གནས་ལག་བསྟར་ཐུབ་ངེས་ཀྱི་བྱེད་ཐབས་ཞིབ་ཕྲ་བཟོས་ནས། སོ་སོའི་ཁྱད་ཆོས་ལྡན་པའི་མཉམ་སྐྲུན་བྱ་བའི་ནང་རྐྱེན་འཚོལ་ཞིབ་བྱས་ཏེ། ཏང་ཡོན་དོ་དམ་གྱི་སྐུད་རྒྱུན་མི་ཆད་པ་དང་ཞབས་ཞུ་མ་ཁྱབ་ས་མེད་པ་ཞིག་ཡོང་བར་འགན་སྲུང་བྱེད་དགོས་པའི་ཚད་གཞིའི་རེ་བ་ནན་མོ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།