མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཉར་ཚད་ཏུན་ཁྲི10ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གོའི་ཆུ་ཐོན་ཚན་རིག་ཞིབ་འཇུག་གླིང་འབྲི་ཆུའི་ཆུ་ཐོན་ཞིབ་འཇུག་ཁང་གིས་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོའི་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཉར་ཚད་དེ་སྲུང་སྐྱོབ་བྱེད་པའི་དུས་མགོ་ལས་ལྡབ38འཕར་ཡོད་ལ། ཏུན་ཁྲི10.04རུ་སླར་གསོ་བྱུང་ཡོད།

མཚོ་སྔོན་པོའི་རང་བྱུང་དཔལ་འབྱོར་ཉ་རིགས་ཆེ་གྲས་གཅིག་པུ་ཡིན་པའི་ཆ་ནས། མཚོ་སྔོན་པོའི་གསེར་ཉས་མཚོ་སྔོན་པོའི“ཉ་བྱ་མཉམ་གསོན”གྱི་སྐྱེ་ཁམས་མ་ལག་ཁྲོད་ཐུན་མོང་མ་ཡིན་པ་དང་ལྟེ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ལ། མཚོ་སྔོན་པོ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་ཁག་ཐེག་ནན་ཏན་བྱེད་པར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས“སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་པའི་འཐབ་ཇུས”རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་པོའི་ཉ་ལས་ཐོན་ཁུངས་ཉམས་གསོ་བྱེད་རྒྱུ་དེ་མཚོ་སྔོན་པོའི་སྐྱེ་ཁམས་འཛུགས་སྐྲུན་གྱི་ལྟེ་བའི་ལས་འགན་དུ་བཞག་ཅིང། མིས་བཟོས་སྐྱེ་འཕེལ་ཕྱིར་གཏོང་བྱ་བའི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་། རིམ་བསགས་ཀྱིས་མཚོ་སྔོན་པོར་གསེར་ཉ་དུང་ཕྱུར1.56ཕྱིར་གཏོང་བྱས་པས། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སླར་གསོ་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་པ་དང་། མིའི་ཐབས་ཀྱི་སྐྱེ་འཕེལ་སྤྱི་ཡོངས་ལག་རྩལ་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས།

མིག་སྔར་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་ལ། བརླན་སའི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཇེ་ཆེར་གྱུར་པ་དང་། ཆུའི་རང་དྭངས་ནུས་པ་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད། མཚོ་སྔོན་པོའི་གསེར་ཉའི་རིགས་རྒྱུད་ཐོན་ཁུངས་སླར་གསོ་འབྱུང་བའི་དུས་སྐབས་སུ་སླེབས་པ་དང་། “ཉ་ལ་བརྟེན་ནས་ཆུ་གཙང་སེལ་དང་། ཉ་ལ་བརྟེན་ནས་ཆུ་གསོ་བ། ཉ་ལ་བརྟེན་ནས་མཚོ་བལ་འགོག་པ། ཉ་ལ་བརྟེན་ནས་རྩྭ་ཚོད་འཛིན་བྱེད་པ”ཡི་ཚེ་སྲོག་ཐུན་མོང་ཚོགས་པ་ཞིག་གྲུབ་ཟིན་ལ། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་མཉམ་རྒྱལ་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་གོང་འཕེལ་ཡོང་བར་སྐུལ་འདེད་བྱས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།