སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་ལམ་ཕྱོགས་བརྒྱུད་དེ་གོམ་པ་བརྟན་པོས་མདུན་དུ་བསྐྱོད་དགོས།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་གླེང་བ།

ཟླ3པའི་ཚེས7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་དུ་ཞུགས་པར་མ་ཟད། གསུང་བཤད་གལ་ཆེན་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལོ་ངོ་གཅིག་རིང་གི་བྱ་བ་དང“ལྔ་བཅུ་གསུམ”དུས་སྐབས་ཀྱི་འཕེལ་རྒྱས་ལ་ཁས་ལེན་གང་ལེགས་མཛད་པ་དང་། མཚོ་སྔོན་གྱི་བློ་མཐུན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་དངོས་འབེབས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་ཡང་དག ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བ། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་མཐུད་མུར་ཟབ་སྤེལ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་འབད་བརྩོན་སྙིང་སྟོབས་དར་སྤེལ་གཏོང་བ། སྐྱེ་ཁམས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པ་བཅས་ཀྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་བསྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་པ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་དགོས་པའི་རེ་བ་བཏོན།

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པའི་ལོ་ཡིན་ལ། “ལྔ་བཅུ་བཞི”འཆར་འགོད་ལག་བསྟར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་བགྲོད་ལམ་གསར་པ་ཕྱེས་པའི་ལོ་དང་པོའང་ཡིན། འདི་འདྲའི་གནད་འགག་གི་དུས་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་དུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་དང་བྱམས་བརྩེའི་ཐུགས་ཁུར་གནང་བཞིན་པ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་ཞིང་མཁྱེན་རྒྱ་ཡངས་པ། བསམ་བློ་གཏིང་ཟབ་པ། གོ་དོན་ཕུན་སུམ་ཚོགས་པ། ལྷག་བསམ་ཟོལ་མེད་དང་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེ་བ་བཅས་ཡིན་པ་དང་། དེའི་ནང་དུ་མཚོ་སྔོན་གྱི་རིགས་སོ་སོའི་བུ་ཕྲུག་རྣམས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་མཚོ་སྔོན་གྱི་འཕེལ་རྒྱས་ཐུགས་ལ་བཏགས་པའི་མངག་བཅོལ་ནན་མོ་འདུས་ཡོད་ལ། སྤྱི་ཡོངས་རང་བཞིན་དང་རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་མཛུབ་སྟོན་དོན་སྙིང་ལྡན་པས། ང་ཚོས་མཚོ་སྔོན་གྱི་བྱ་བ་སྔར་ལས་བཟང་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཤིང་སྒུལ་ཤུགས་དྲག་པོ་བསྩལ་ཡོད། “དཔྱིད་རླུང་ཉི་མའི་ཕོ་ཉ་ལེགས་བསྡོངས་ནས། ། རྩི་ཤིང་མེ་ཏོག་ཐམས་ཅད་གཉིད་ལས་བསླངས། །” ཐུགས་ཁུར་ཟབ་མོ་དང་མངག་བཅོལ་ནན་མོ་དེ་ནི་དཔྱིད་རླུང་འཇམ་པོ་ཞིག་དང་མཚུངས་ལ་ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་གྱི་ཡུལ་གྲུ་ཀུན་ཏུ་དྲོད་ཁོལ་བསྩལ་པས། རྒྱ་ཆེ་བའི་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ལ་དགའ་སྤྲོ་དང་དཔའ་སེམས་དང་སྙིང་རུས་སྐྱེ་རུ་བཅུག་ལ། སྤྲོ་སེམས་ཀྱིས་ཁེངས་ཤིང་དཔའ་ངར་ཆེ་རུ་སྐྱེད་དུ་བཅུག

ལོ་ངོ་མང་པོའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རྟག་ཏུ་མཚོ་སྔོན་གྱི་འཕེལ་རྒྱས་ཐུགས་སུ་བཏགས་ཤིང་མཚོ་སྔོན་གྱི་མི་དམངས་ལ་བརྩེ་བས་གཟིགས་ཡོད་པར་མ་ཟད། མཚོ་སྔོན་གྱི་བྱ་བར་ཐུགས་ཁུར་དང་རེ་བ་ཆེན་པོ་བཅངས་ཡོད། 2016ལོའི་ཟླ3པའི་ཚེས10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། “ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་། ཏན་ཏན་ཏིག་ཏིག་གིས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། ཏན་ཏན་ཏིག་ཏིག་གིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་བླང་བྱ་གལ་ཆེན་བཏོན་པ་དང་། 2016ལོའི་ཟླ8པའི་ཚེས22ཉིན་ནས་ཚེས24ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་བརྟག་དཔྱད་ཞིབ་འཇུག་གནང་བར་ཕེབས་སྐབས།“ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ། ཏན་ཏན་ཏིག་ཏིག་གིས་དམངས་འཚོར་འགན་སྲུང་ལེགས་བཅོས་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་བ། ཏན་ཏན་ཏིག་ཏིག་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ”བཅས་ཀྱི་བླང་བྱ་གལ་ཆེན་དང་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འབད་བརྩོན་དམིགས་འབེན་བཏོན། དེ་ལས་གཞན་ད་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཐེངས་མང་པོར་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། “ལྔ་བཅུ་གསུམ”རྒྱལ་ཁའི་ངང་མཇུག་བསྡུ་བའི་སྐབས་འདིར། མཚོ་སྔོན་གྱི་བྱ་གཞག་སྣ་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། གཏིང་ཟབ་ས་ནས་རྩ་བའི་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་དང་ཕྱོགས་སྟོན་ཡོད་པས་ཡིན་ལ། ཁག་ཐེག་གལ་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་ཡོད་པས་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་རྒྱུ་ནི་མཚོ་སྔོན་གྱི་ད་སྔ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་གལ་འགངས་ཆེ་བའི་དོན་ཆེན་དང་ཆབ་སྲིད་ཀྱི་ལས་འགན་ཆེས་གཙོ་བོ་ཡིན། ང་ཚོས“འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས་ལ། གསུང་བཤད་སློབ་པ་དང་བསམ་བློ་རྟོགས་པ། དངོས་འབེབས་ནན་འཛིན། ལེའུ་གསར་པ་འབྲི་བ་བཅས་བྱེད་པ་དང་། དྲིན་ཚོར་བའི་སྒོ་ནས་སློབ་སྦྱོང་དང་འགན་འཁྲི་ཡོད་པའི་སྒོ་ནས་སློབ་སྦྱོང་། དད་མོས་ཡོད་པའི་སྒོ་ནས་སློབ་སྦྱོང་། ལྷག་བསམ་ཟོལ་མེད་ཀྱིས་སློབ་སྦྱོང་། འཚོལ་སྙེག་ཡོད་པའི་སྒོ་ནས་སློབ་སྦྱོང་། སྲུང་སྐྱོང་ཡོད་པའི་སྒོ་ནས་སློབ་སྦྱོང་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྗོད་བྱའི་སྙིང་པོ་དང་བསམ་བློའི་སྙིང་བཅུད། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་དང་ཤེས་རྟོགས་ཟབ་མོ་ལེན་པ་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས་ཤིང་། བསམ་བློ་དང་འགུལ་སྐྱོད་མགྱོགས་མྱུར་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས། ང་ཚོས་དངོས་གནས་སྤྱི་ཁྱབ་ཧྲུའུ་ཅི་ཡི་བརྩེ་བ་དྲོན་མོ་དེ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པའི་འཛད་མེད་སྒུལ་ཤུགས་སུ་བསྒྱུར་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཡི་མངག་བཅོལ་ནན་མོ་དེ་མཚོ་སྔོན་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཀྱི་ཆབ་སྲིད་རང་རྟོགས་ནན་འཛིན་དང་། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོའི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ། “ཀྲུང་ཧྭའི་ཆུ་ལྕོག”ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་དུས་རབས་ཀྱི་རང་རྟོགས་ནན་འཛིན། ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་འགན་འཁྲི་ཕྲག་ཏུ་ལེན་པ་བཅས་ཀྱི་འགུལ་སྐྱོད་རང་རྟོགས་ནན་འཛིན། རྟེན་གཞི་འཛུགས་སྐྲུན་དང་མཐོ་གནས། དམིགས་ས། ཕྱིར་གཏོང་ས་གནས་བཅས་བསྐྲུན་པའི་གསར་གཏོད་རང་རྟོགས་ནན་འཛིན་བཅས་བྱས་ཏེ། “ལྔ་བཅུ་བཞི”ལ་ཧུར་སྐྱོད་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་ལམ་ཕྱོགས་བརྒྱུད་དེ་གོམ་པ་བརྟན་པོས་མདུན་དུ་བསྐྱོད་དགོས།

རླུང་ཤུགས་ཆེ་བས་གྲུ་གཡོར་བསྒྲེང་བ་སླ། ཧུར་སྐྱོད་བྱེད་པའི་དུས་བཟང་སྐབས་སུ་བབ། ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོ་རུ་སྒྲེང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་དང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལེའུ་གསར་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ། ཕུགས་འདུན་དང་ཡིད་ཆེས་ཇེ་བརྟན་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ཇེ་བརྟན་དུ་གཏོང་བའི་ལེའུ་གསར་པ་བཅས་འབྲི་བཞེངས་བྱས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་འཁོར100ལོན་པར་བསུ་མ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།