ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་ལས་དོན་སྐུལ་འདེད(བརྙན་ལམ)ཚོགས་འདུ་འཚོགས་པ་རེད། རྒྱལ་ཁབ་མཉམ་འགོག་མཉམ་བཅོས་ནང་རྐྱེན་གྱི་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་ལས་དོན་གྱི་འབྲེལ་ཡོད་བླང་བྱ་བརྒྱུད་བསྒྲགས་དང་། ཞིང་ཆེན་ཡོངས་སུ་པྲོག་གསར་ནད་དུག་འགོག་ཁབ་བརྒྱབ་པའི་གནས་ཚུལ་གྱི་བརྡ་ཁྱབ་བཏང་བ་མ་ཟད། འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་ངོས་འཛིན་ཟབ་ཏུ་བཏང་ནས་རིམས་འགོག་སྲུང་ཡོལ་མགྱོགས་མྱུར་འཛུགས་པ་དང་། རྒྱུན་གཏན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་མཐོ་ཚད་ཐོག་ནས་ལས་ཀའི་འགན་འཁྲིའི་བསམ་པ་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་བཀོད་འདོམས་པུའུ་ཡིས་འགོག་སྨན་རྒྱག་པའི་ལས་དོན་དེ་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ནན་འཛིན་བྱེད་དགོས། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་འགོག་སྨན་རྒྱག་པ་དང་འཕྲལ་སྡོམ་སྐྱོབ་བཅོས་མི་སྣ་བཀོད་སྒྲིག་ཡག་པོ་བྱས་ནས། འགོག་སྨན་རྒྱག་པའི་བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན་བྱེད་པའི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་འགོག་སྨན་རྒྱག་པའི་འགན་ལེན་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། འགོག་སྨན་རྒྱག་པའི་ལྷུ་ཚིགས་ཁག་གི་ལས་དོན་ཚད་ལྡན་བཟོས་ནས་གཙོ་གནད་མི་ཚོགས་ཁག་བགོས་ཏེ་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་སྨན་ཁབ་རྒྱག་པ་དང་། རྒྱུན་གཏན་མ་ཡིན་པའི་ལྟ་ཞིབ་ཚད་ལེན་དང་ཐག་གཅོད་ཞིབ་ཚགས་བྱས་ཏེ་སྒྲིག་སྦྱོར་དང་སྐྱེལ་འདྲེན། གསོག་ཉར་བཅས་ཀྱི་གོ་རིམ་ཁག་ལ་ཚན་རིག་དང་མཐུན་པའི་ངང་འགོག་སྨན་རྒྱག་དགོས་ལ། ཆ་འཕྲིན་ཤར་གཏོང་བྱས་ནས་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་ལས་དོན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་སོགས་སྡེ་ཁག6གི་འགན་འཁུར་བློ་མཐུན་གྱིས་སྡེ་ཁག(ལས་རིགས)ཀྱི་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་ལས་དོན་བཀོད་སྒྲིག་སྙན་ཞུ་བྱས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས།