འཐུས་མི་མིན་ཧའེ་དང་པད་རྒྱལ་བཀྲ་ཤིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མཚོ་བོད་ཚན་རིག་ཞིབ་འཇུག་ཞབས་ཞུ་སྟེགས་བུ་འཛུགས་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་མིན་ཧའེ་དང་པད་རྒྱལ་བཀྲ་ཤིས་གཉིས་ཀྱིས་མཚོ་སྔོན་གྱི་མཚོ་བོད་ཚན་རིག་ཞིབ་འཇུག་ཞབས་ཞུ་སྟེགས་བུ་དང་ཕྱིའི་ཕྱོགས་བསྡུས་ཚན་རིག་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་སྐུལ་འདེད་གཏོང་བའི་སྐོར་ནས་གྲོས་གཞི་བཏོན། 

གྲོས་གཞི་ཁྲོད། མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ནི་རྒྱལ་ཁབ་ཀྱི་རྟགས་མཚན་རང་བཞིན་གྱི་ཚན་རིག་ཞིབ་འཇུག་བཟོ་སྐྲུན་ཆེ་གྲས་ཤིག་ཡིན་ཞིང་། ཚན་རིག་རྟོག་ཞིབ་ཀྱིས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་གི་གནས་ལུགས་དང་དམ་དུ་འབྲེལ་ནས། སྐྱེ་ཁམས་བདེ་འཇགས་མ་ལག་ཇེ་ལེགས་སུ་གཏོང་བ་དང་། མཚོ་བོད་མཐོ་སྒང་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། དེ་མིན་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ལ་དོན་སྙིང་ཆེན་པོ་ལྡན། མཚོ་སྔོན་ལ་མཚོན་ནས་བཤད་ན། རྨང་གཞི་ལ་མཐིལ་རྟོགས་ལོན་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན། 2020ལོའི་ཟླ11པར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་མཚོ་བོད་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་བཅས་ཀྱིས་མཉམ་དུ་《ཐུན་མོང་སྒོས་རྒྱལ་ཁབ་མཚོ་བོད་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས་མཚོ་སྔོན་ཡན་ལག་ལྟེ་གནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་མཉམ་ལས་གྲོས་གཞི》སྟེང་མིང་རྟགས་བཀོད། མཚོ་བོད་ཚན་རིག་ཞིབ་འཇུག་ཐེངས་གཉིས་པའི་ཞབས་ཞུ་འགན་སྲུང་བྱ་བར་བརྟན་བརླིང་ངང་སྐུལ་འདེད་བྱ་ཆེད། རང་ཞིང་གིས“ཚན་རིག་རྟོག་ཞིབ་ཞབས་ཞུ་སྟེགས་བུ་དང་ས་སྟོང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ”དེ་ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཁྲོད་འཇོག་པར་སྐུལ་འདེད་བཏང་ཡོད་པར་བསྟན།  

འཐུས་མི་མིན་ཧའེ་དང་པད་རྒྱལ་བཀྲ་ཤིས་ཀྱིས། “གཅིག་གྱུར་ཚད་གཞི་དང་གཅིག་གྱུར་སྒྲིག་སྲོལ། གཅིག་གྱུར་སྟེགས་བུ། གཅིག་གྱུར་དོ་དམ”གྱི་རྩ་དོན་ལྟར། རྒྱལ་ཁབ་མཚོ་བོད་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས་མཚོ་སྔོན་ཡན་ལག་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དུས་མཚུངས་སུ། མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཞབས་ཞུ་དང་འབྲེལ་ཏེ། རང་ཞིང་གི་ས་སྟོང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རྟེན་གཞི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།