མཚོ་སྔོན་འཐུས་ཚབ་ཚོགས་པས་ཟི་ལིང་ནས་ཡུས་ཧྲུའུ་དང་ཆབ་མདོ་བར་གྱི་ལྕགས་ལམ་ལས་གཞི་རྒྱལ་ཁབ་ལྕགས་ལམ་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཛུགས་སྐྲུན་འཆར་འགོད་ཁྲོད་འཇོག་དགོས་པའི་གྲོས་གཞི་འདོན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཟི་ལིང་ནས་ཡུས་ཧྲུའུ་དང་ཆབ་མདོ་བར་གྱི་ལྕགས་ལམ་ལས་གཞི་དེ་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཛུགས་སྐྲུན་འཆར་འགོད་ཁྲོད་འཇོག་དགོས་པའི་གྲོས་གཞི་འདོན་རྒྱུ་རེད། 

གྲོས་གཞི་ཁྲོད་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་ལྕགས་ལམ་འཛུགས་སྐྲུན་ལ་རྒྱལ་ཁབ་ཀྱིས་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་གྲུབ་འབྲས་འབུར་ཐོན་བླངས་ཡོད་ནའང་། ལྕགས་ལམ་ཁེབས་ཚད་དམའ་ཞིང་། ལམ་དྲ་ད་དུང་གྲུབ་མེད་པ་དང་། ནུབ་ལྷོ་ས་ཁུལ་དུ་དབོར་སྐྱེལ་བགྲོད་ལམ་ཤར་གཏོང་ཐུབ་མེད་པ་སོགས་ཀྱི་གནད་དོན་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་དང་མཚོ་ལྷོ། རྨ་ལྷོ། དེ་མིན་ཡུས་ཧྲུའུ་བཅས་བོད་རིགས་རང་སྐྱོང་ཁུལ་དུ་ད་དུང་ལྕགས་ལམ་ཤར་གཏོང་བྱས་མེད་ཟེར། 

ཟི་ལིང་ནས་ཡུས་ཧྲུའུ་དང་ཆབ་མདོ་བར་གྱི་ལྕགས་ལམ་ནི་མཚོ་སྔོན་དང་བོད་ལྗོངས། ཡུན་ནན་བཅས་ནུབ་རྒྱུད་ཞིང་ཆེན་དང་ས་ཁུལ་སྦྲེལ་བའི་ལྕགས་ལམ་བགྲོད་ལམ་གལ་ཆེན་ཡིན་ཞིང་། ལྕགས་ལམ་འགྲམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་ལ། རྒྱལ་ཁབ་ནུབ་རྒྱུད་གསར་སྤེལ་དང་གྲངས་ཉུང་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་གཙོ་གནད་ས་ཁོངས་ཡིན། ལས་གཞི་འཛུགས་སྐྲུན་བྱེད་པ་དེས་ནུབ་བྱང་ས་ཁུལ་དང་ནུབ་ལྷོ་ས་ཁུལ་མཐུད་སྦྲེལ་བྱེད་པ་དང་མཐའ་མཚམས་གཏན་འཇགས་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པ། དེ་མིན་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན། ད་ལྟ། ཟི་ལིང་ནས་ཡུས་ཧྲུའུ་དང་ཆབ་མདོ་བར་གྱི་ལྕགས་ལམ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བའི་རྒྱལ་ཁབ་ལྕགས་ལམ་གྱི་དུས་ཡུན་འབྲིང་རིང་གི་འཆར་འགོད་ཁྲོད་བཞག་ཡོད་པ་དང་། རྒྱལ་ཁབ་ཀྱིས་ཤུགས་ཆེན་པོའི་རྒྱབ་སྐྱོར་བྱེད་པར་རེ་བ་ཞུས་ཏེ། ཟི་ལིང་ནས་ཡུས་ཧྲུའུ་དང་ཆབ་མདོ་བར་གྱི་ལྕགས་ལམ་དེ་རྒྱལ་ཁབ་ལྕགས་ལམ་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཛུགས་སྐྲུན་འཆར་འགོད་བཞག་ནས “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ་ལས་འགོ་འཛུགས་པའི་གྲོས་གཞི་བཏོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།