ཟི་ལིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར14བཏང་ནས་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན། གསར་འགོད་པས2021ལོའི་ཟི་ལིང་གྲོང་ཁྱེར་གྱི་སློབ་གསོའི་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོར་ཟི་ལིང་གྲོང་ཁྱེར་གྱིས་འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར14བཏང་ནས་སློབ་སྔོན་སློོབ་གསོའི་གཟིགས་སྐྱོང་དང་སློབ་མ་མང་བའི་འཛིན་གྲྭ་མེད་པར་བཟོ་བ། རིག་ནུས་སློབ་གསོ་སོགས་རིགས7གྱི་ལས་གཞི90ལག་བསྟར་བྱས་ཏེ། མུ་མཐུད་དུ་སློབ་སྒྲུབ་ཆ་རྐྱེན་དང་སློབ་གསོའི་ཁྱབ་ཚུལ་ལེགས་བཅོས་བྱ་རྒྱུ་རེད།

2021ལོར་ཟི་ལིང་གྲོང་ཁྱེར་གྱིས་ཟི་ལིང་སློབ་འབྲིང་བདུན་པའི་བཟོ་སྐྲུན་ཐེངས་དང་པོ་དང་པེ་ཁྲོན་སློབ་གྲྭ་སོགས་འཛུགས་སྐྲུན་ལས་གཞི16ལེགས་འགྲུབ་བྱེད་རྒྱུ་ཡིན་པ་དང་། འོས་འགན་སློབ་གསོའི་སློབ་མ་མང་བའི་འཛིན་གྲྭ་མེད་པར་བཟོས་པའི་གྲུབ་འབྲས་སྲ་བརྟན་དང་སློབ་སྔོན་སློབ་གསོའི་གཟིགས་སྐྱོང་མཐོར་འདེགས་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གཟིགས་སྐྱོང་རང་བཞིན་གྱི་བྱིས་གཉོར་ཁང་དང་གཞུང་སྒྲུབ་བྱིས་གཉོར་ཁང་གི་ཟིན་ཚད་ཇེ་ཆེར་གཏོང་རྒྱུ་རེད། ཟི་ལིང་སློབ་འབྲིང་བདུན་པའི་བཟོ་སྐྲུན་ཐེངས་གཉིས་པ་དང་ཧུའུ་ཐའེ་སློབ་འབྲིང་རྒྱ་བསྐྱེད་ལས་གཞི་ལག་བསྟར་བྱེད་པ་དང་། ཟི་ལིང་སློབ་འབྲིང་བརྒྱད་པ་དང་ནུབ་ལམ་ཆེན་མོའི་སློབ་གྲྭ ཀོང་ཧྭ་སློབ་འབྲིང་དང་བྱིས་གསོ་ཁང་སྤོ་འཛུགས་སོགས་ཀྱི་ལས་གཞི་ལེགས་འགྲུབ་བཀོལ་སྤྱོད་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ལ། མདོ་བ་མཐོ་རིམ་སློབ་འབྲིང་གཉིས་པ་དང་ནན་ཁྲོན་སློབ་འབྲིང་། ཉིན་ཀྲི་སློབ་འབྲིང་སོགས་མཐོ་འབྲིང་དཀྱུས་མའི་འཛུགས་སྐྲུན་ལས་གཞི་ལ་སྐུལ་འདེད་གཏོང་བ་དང་། མཐོ་འབྲིང་དཀྱུས་མའི་འཛུགས་སྐྲུན་དངུལ་གཏོང་ལ་ཤུགས་བསྣན་ཏེ་མཐོ་འབྲིང་གི་ཁྱབ་ཚུལ་ལེགས་བཅོས་བྱས་ནས་རིམ་བཞིན་མཐོ་འབྲིང་གི་སློབ་མ་མང་བའི་འཛིན་གྲྭ་མེད་པར་བཟོ་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།