མཚོ་སྔོན་གྱིས་གྲོ་མའི་ཟས་རིགས་བདེ་འཇགས་ཀྱི་ས་གནས་ཚད་གཞི་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་མི་རིགས་སློབ་ཆེན་དང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ། མཚོ་སྔོན་ཞིང་ཆེན་ཟས་རིགས་བཟོ་ལས་མཐུན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཏན་འབེབས་ལེགས་འགྲུབ་བྱུང་བའི《གྲོ་མ(སྐམ་པོ)ཟས་རིགས་བདེ་འཇགས་ཀྱི་ས་གནས་ཚད་གཞི》དངོས་སུ་ཁྱབ་བསྒྲགས་བྱས་ནས2021ལོའི་ཟླ4པའི་ཚེས30ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། 

ངོ་སྤྲོད་བྱས་པ་ལྟར་ན། 《གྲོ་མ(སྐམ་པོ)ཟས་རིགས་བདེ་འཇགས་ཀྱི་ས་གནས་ཚད་གཞི》དངོས་སུ་ཁྱབ་བསྒྲགས་བྱས་པ་དེས་གྲོ་མ་ཟས་རིགས་ཡིན་པའི་ངོས་ནས་ལས་སྣོན་ཐོན་སྐྱེད་ཀྱི་བུམ་སྐེ་གནད་དོན་ཐག་གཅོད་ཐུབ་ཡོད། མཚོ་སྔོན་མི་རིགས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སློབ་གླིང་གི་ཡོན་ཀྲང་ལི་ཅུན་ཆའོ་ཡིས “ཚད་གཞི་དེ་ཁྱབ་བསྒྲགས་བྱས་པས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གྲོ་མའི་ཟས་རིགས་ལས་སྣོན་དང་། ཐོན་སྐྱེད། བྲིན་ཚོང་བཅས་བྱེད་ཆོག་པ་མཚོན་པ་དང་། གྲོ་མ་ཐོན་ལས་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་རྨང་གཞི་བཏིང་ཡོད། གྲོ་མ་ཟས་རིགས་ཐོན་ལས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་བཏང་བ་དང་གྲོ་མའི་རྗེས་མཐུད་ཐོན་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཆགས་པ་དང་མཚོ་སྔོན་གྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བཤད། 

གྲོ་མ་ལ་གྲོ་འབྲས་ཀྱང་ཟེར། དེར་འཚོ་བཅུད་ཀྱི་རིན་ཐང་དང་སྨན་སྤྱོད་ཀྱི་རིན་ཐང་ཅུང་མཐོན་པོ་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། ལོ་མང་རིང་འདེབས་གསོ་བྱས་པ་བརྒྱུད་གྲོ་མ་མཚོ་སྔོན་དང་ཀན་སུའུ། བོད་ལྗོངས་སོགས་སུ་རྒྱ་ཁྱབ་ངང་འདེབས་འཛུགས་བྱས་པ་དང་འདེབས་ཁྱོན་མུའུ་ཁྲི4ཟིན་ཡོད། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་འདེབས་ཁྱོན་མུའུ་ཁྲི3ལྷག་ཟིན་ཡོད།  “ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད། མུའུ་གཅིག་གི་གྲོ་མ་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི3ཟིན་པ་དང་ཡོང་འབབ་ཁེ་གཙང་སྒོར་ཁྲི1.5ཟིན་ཡོད། གྲོ་མ་མིས་ཐབས་ལ་བརྟེན་ནས་འདེབས་འཛུགས་ལེགས་འགྲུབ་བྱུང་རྗེས་ཞིང་ལས་སྐྱེ་དངོས་ལྟར་ཁྱོན་ཡོངས་ནས་འདེབས་འཛུགས་བྱས་ན་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་ནུས་ལྡན་ངང་འཕར་རྒྱུ་རེད” ཅེས་ལི་ཅུན་ཆའོ་ཡིས་དེ་ལྟར་བཤད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།