ལིའུ་ཐའོ་ཡིས་མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱེད་སྐབས་རྨོ་ཞིང་སྲུང་སྐྱོང་ལ་བརྟན་སྲུང་བྱས་ནས2021ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་གྲོང་གསེབ་དར་སྤེལ་དུ་གཏོང་བའི་ཐབས་ཇུས་ལག་བསྟར་བྱེད་དགོས་པར་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས25ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས།  ནུས་ཤུགས་ཡོད་རྒུས་ས་ཞིང་སྲུང་སྐྱོང་གི་ལྟ་ཞིབ་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོང་ལ་བརྟན་སྲུང་བྱེད་པ། འབྲུ་རིགས་བདེ་འཇགས་འགན་སྲུང་བཅས་བྱས་ཏེ་གྲོང་གསེབ་དར་སྤེལ་ཡོང་ཆེད་བྱས་རྗེས་འབུལ་དགོས་ཞེས་ནན་བཤད་གནང་། 

ལིའུ་ཐའོ་སྔ་རྗེས་སུ་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་དང་ཁྲི་ཀ་རྫོང་དུ་བསྐྱོད་དེ་ས་ལར་ཆུ་གྲོང་རྡལ་དང་རྨ་ཆུའི་དྭངས་མོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ཆན་ཙེ་མཚེའུ་རྣམ་གྲངས་ཀྱི་ཡུལ་དངོས་སུ་སོང་ནས།  ལྟ་ཞིབ་ཀྱི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།  ཁོང་གིས་རྨོ་ཞིང་ནི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་རྨང་རྡོ་ལྟ་བུ་དང་ཐོན་ཁུངས་ཆེས་རྩ་ཆེན་ཡིན་པས།  རྨོ་ཞིང་སྲུང་སྐྱོང་བྱས་ཏེ་འབྲུ་རིགས་བདེ་འཇགས་དང་།  སྐྱེ་ཁམས་བདེ་འཇགས།  སྤྱི་ཚོགས་བརྟན་རླིང་བཅས་བྱས་ནས་འབྲེལ་ཡོད་ས་ཁུལ་ཁག་དང་སྡེ་ཁག་གྱིས་ངེས་པར་དུ་ཆབ་སྲིད་ཀྱི་གོ་གནས་ཆེ་རུ་བཏང་སྟེ།  རྨོ་ཞིང་སྲུང་སྐྱོང་གི་དར་ཆ་བསྒྲེངས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྱོན་ཡོངས་ནས་ལྟ་ཞིབ་ལྡོག་འདྲེན་གྱི་གནད་དོན་བཅོས་སྒྲིག་བྱེད་དགོས་ཞེས་བཤད། 

ལིའུ་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨོ་ཞིང་སྲུང་སྐྱོང་སྐོར་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་ལག་ལེན་བྱེད་དགོས་པ་དང་། “ཆབ་སྲིད་ཀྱི་གལ་ཆེན་རང་བཞིན”ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་གི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱེད་པ། གནད་དོན་བཅོས་སྒྲིག་གི་བྱ་ཐབས་ཞིབ་ཕྲ་བཟོ་བ། ཡུན་རིང་འབད་བརྩོན་བཅས་བྱས་ནས་དག་ཐེར་ལེགས་བཅོས་ལས་འགན་ཁག་ལ་ཕན་འབྲས་དངོས་ཐོབ་རྒྱུར་འགན་སྲུང་བྱེད་དགོས། ཕྱོགས་ཡོངས་ནས་གྲོང་གསེབ་ཏུ་ས་ཞིང་སྟེང་གང་བྱུང་དུ་སྡོད་ཁང་ལས་པར་ཆེད་དོན་བཅོས་སྐྱོང་སྤེལ་དགོས་པ་དང་། རྨོ་ཞིང“ཞིང་ལས་མིན་པ”དང“འབྲུ་རིགས་མིན་པ”བཅས་ཀྱི་གནད་དོན་དམ་འཛིན་ལེགས་པོ་བྱེད་པ། ཁྲིམས་འགལ་ལུགས་འགལ་ངང་ས་ཞིང་གང་བྱུང་དུ་བདག་དབང་བྱེད་པའི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་དགོས་པ། སྐྱེ་ཁམས་དང་ཞིང་ལས།  གྲོང་ཁྱེར་དང་གྲོང་རྡལ་སོགས་གཅིག་གྱུར་གྱིས་འཆར་འགོད་དང་། སྲུང་སྐྱོང་དང་གསར་སྤེལ་བར་གྱི་འབྲེལ་བ་ཁོང་དུ་ཆུད་པ།  འཛུགས་སྐྲུན་ལ་མཁོ་བའི་ས་ཆ་གསོག་འཇོག་བྱེད་པ། ཞིང་ལས་སྒྲིག་བཀོད་དང་གྲོང་གསེབ་ཀྱི་ཐོན་ལས་གོང་སྤེལ་སོགས་ལུགས་མཐུན་གྱིས་ས་ཞིང་སྤྱོད་པའི་དགོས་མཁོ་འགན་སྲུང་བྱས་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་འཕེལ་རྒྱས་ཡོང་བར་རོགས་འདེགས་བྱ་དགོས་ཞེས་ནན་གྱིས་བསྟན།  །            

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།