མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མེ་འགོག་བྱ་བའི་བརྙན་རིས་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མེ་འགོག་བྱ་བའི་བརྙན་རིས་ཚོགས་འདུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་འམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་མེ་འགོག་བྱ་བའི་ཐད་བླང་བྱ་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅའེ་ཞིང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། 

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་དམར་ཐིག་བརྟན་སྲུང་དང་། བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མེ་འགོག་བདེ་འཇགས་གནས་བབ་མུ་མཐུད་དུ་བརྟན་བརླིང་དང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་། རིམ་པ་སོ་སོའི་མེ་འགོག་རོགས་སྐྱོར་རུ་ཁག་གིས་ལྟེ་གནས་དང་དམ་དུ་འབྲེལ་བ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། རིམས་ནད་ལ་འཐབ་རྩོད་དང་། ཉེན་ཁ་སེལ་བ། དེ་མིན་བཅོས་བསྒྱུར་གཙིགས་སུ་བཟུང་ནས་བརྟན་བརླིང་ལ་སྲུང་སྐྱོང་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་རིམ་པ་དང་སྡེ་ཁག་སོ་སོས་མེ་འགོག་དཔུང་ཁག་དང་ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་། གནོད་འགོག་རྒུབ་སྐྱོབ་ཀྱི་གཞུང་ལུགས་ཞིབ་བརྗོད་ལག་ལེན་མཐར་ཕྱིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། མི་དམངས་དང་པོར་འཇོག་པ་དང་། ཚེ་སྲོག་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ནས། བདེ་འཇགས་ཉེན་ཁ་ཚབས་ཆེན་འགོག་བཅོས་དང་སེལ་བའི་ཁུར་བོ་ཕྲག་ཏུ་ལེན་པ་དང་། རིགས་སོ་སོའི་གནོད་འཚེའི་དོན་རྐྱེན་གྱི་ལས་འགན་ཐག་གཅོད་བྱས་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་བ”བདེ་བླག་ངང་མགོ་རྩོམ་པར་མེ་འགོག་གི་བདེ་འཇགས་འགན་སྲུང་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན། 

ལིས་ཅའེ་ཞིང་གིས་གསུང་བཤད་ཁྲོད། འདས་པའི་ལོ་ངོ་གཅིག་གི་ཞིང་ཆེན་ཡོངས་ཀྱི་མེ་འགོག་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ལ་བློ་དཀར་བ་དང་། སྒྲིག་ཁྲིམས་གཟབ་ནན་ཡིན་པ། དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི”བླང་བྱ་གལ་ཆེན་ཡིད་ལ་དམ་པོར་བཅངས་ཏེ། “མི་དམངས་དང་ཚེ་སྲོག་དང་པོར་འཇོག་པའི”་འདུ་ཤེས་སྲ་བརྟན་དུ་བཏང་ནས།  རིམ་པ་སོ་སོའི་མེ་འགོག་བྱ་བའི་འགན་འཁྲི་བརྟན་པོར་བཏང་སྟེ། ཁྱོན་ཡོངས་ནས་རིགས་སོ་སོའི་དོ་དམ་ཚོད་འཛིན་བྱེད་ཐབས་འགོག་བཅོས་བྱས་ནས། སྟོབས་ཤུགས་ཡོད་རྒུས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། སྲོག་ཤིང་སྲ་བརྟན་དང་རྨང་གཞི་ཤུགས་དྲག་ཏུ་གཏོང་བ་རྒྱུན་འཁྱོངས་ཀྱིས། མེ་འགོག་འཆར་འགོད་ལ་ཤུགས་བསྣན་ཏེ། མེ་འགོག་ཐད་ཀྱི་དངུལ་གཏོང་ཤུགས་ཚད་ཆེ་རུ་བཏང་སྟེ། མེ་འགོག་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད། དེ་མིན་ངོ་བོའི་བདེ་འཇགས་འགན་སྲུང་ནུས་ཤུགས་ཤུགས་དྲག་ཏུ་བཏང་སྟེ། མེ་འགོག་གི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས། མེ་འགོག་རོགས་སྐྱོར་དཔུང་ཁག་འཛུགས་སྐྲུན་ཚད་ལྡན་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། སློབ་གསོ་གཟབ་ནན་དང་དོ་དམ་གཟབ་ནན། བླང་བྱ་གཟབ་ནན་བཅས་ཀྱིས། རྩལ་ནུས་མཐོ་བའི་དམག་དཔུང་ཅིག་སྐྱེད་སྲིང་བྱེད་དགོས། མེ་འགོག་བདེ་འཇགས་ཆེད་དོན་ལེགས་བཅོས་ཀྱི་ལོ་ངོ་གསུམ་གྱི་བྱ་བར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་མེ་འགོག་བདེ་འཇགས་ཐད་ཀྱི་གོ་རིམ་ལ་དབྱེ་ཞིབ་དང་། ཚན་རིག་དང་མཐུན་པར་ཉེན་ཁ་སེལ་ཏེ། དོན་རྐྱེན་ཆེ་གྲས་མི་འབྱུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།